འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་24ཉིན།

༄༅༎རྒྱང་སྐྱོད་ཨང་བརྒྱད་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་ཐེངས་དང་པོའི་ཚོད་ལྟ་ཐུགས་གྲ་ལེགས་འགྲིག་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་24ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཧའེ་ནན་ཝུན་ཁྲང་དུ་རྒྱང་སྐྱོད་ཨང་བརྒྱད་པ་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་མཁའ་དབྱིངས་སུ་འཕུར་བའི་གནས་ཚུལ་ཡིན་པ།
འདི་ནི་ཧའེ་ནན་ཝུན་ཁྲང་དུ་རྒྱང་སྐྱོད་ཨང་བརྒྱད་པ་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་མཁའ་དབྱིངས་སུ་འཕུར་བའི་གནས་ཚུལ་ཡིན་པ།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་12ཚེས་22ཉིན་གྱི་ཆུ་ཚོད་12དང་སྐར་མ་37ཐོག་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་རིགས་གསར་དབྱིབས་འབྲིང་གི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རྒྱང་སྐྱོད་ཨང་བརྒྱད་པ་རྟགས་ཅན་འཕུར་ཐེངས་དང་པོའི་ཚོད་ལྟ་དེ་ཀྲུང་གོ་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ར་བར་བདེ་བླག་ངང་ལག་བསྟར་བྱས་པ་དང་འབྲེལ། མེ་ཤུགས་འཕུར་མདའ་རྒྱུན་གཏན་ལྟར་འཕུར་ཐུབ་ནས་ཚོད་ལྟ་ཐུགས་གྲ་ལེགས་འགྲིག་ཀྱང་བྱུང་ཡོད།
     རྒྱང་སྐྱོད་ཨང་བརྒྱད་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་རྒྱང་སྐྱོད་ཨང་ལྔ་པ་དང་བདུན་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ལག་རྩལ་གྲུབ་འབྲས་རྒྱུན་འཛིན་གང་ལེགས་བྱས་ཡོད། རྒྱང་སྐྱོད་ཨང་བརྒྱད་པ་རྟགས་ཅན་གྱིས་རང་རྒྱལ་དུ་ཉི་མའི་འཁོར་ལམ་དང་གཅིག་མཚུངས་ཀྱི་ཏུན་3ནས་ཏུན་4.5བར་གྱི་སྐྱེལ་འདྲེན་ནུས་པ་མེད་པའི་སྟོང་ཆ་བསྐངས་པ་མ་ཟད། ད་དུང་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རིམ་སྤོར་རབས་བརྗེ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ཡང་ལྡན་ཡོད། དེས་རྒྱང་སྐྱོད་ཨང་ལྔ་པ་དང་། དྲུག་པ། བདུན་པ་བཅས་རྟགས་ཅན་གྱི་དུག་མེད་བཙོག་མེད་ཀྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དང་མཉམ་དུ་སྐྱེལ་འདྲེན་ནུས་པ་ཆེ་འབྲིང་ཆུང་གསུམ་གྱི་བཀོད་ཇུས་ལུགས་མཐུན་གྱི་རབས་གསར་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་རིགས་ཁོངས་གྲུབ་ཡོད།
     རྒྱང་སྐྱོད་ཨང་བརྒྱད་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ལས་གྲྭ་དེ་2017ལོར་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་མཆན་བཀོད་བཀའ་ལན་ཐོབ་ནས་ཞིབ་བཟོ་དང་། གཏན་འཁེལ། སྒྲིག་འཛུགས། ལག་བསྟར་བཅས་བྱས་པ་ཞིག་རེད། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྱི་ཀྲུང་གོ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ལག་རྩལ་ཞིབ་འཇུག་ཁང་གིས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་མ་ལག་ཞིབ་བཟོ་སྤྱི་ཡོངས་ལ་དམ་འཛིན་བྱས་པ་དང་ཀྲུང་གོ་སྲུང་སྐར་འཕེན་གཏོང་ཚད་ལེན་ཚོད་འཛིན་མ་ལག་པུའུ་ཡིས་འཕུར་སྐྱོད་ཚོད་ལྟ་སྒྲིག་འཛུགས་དང་ལག་བསྟར་གྱི་འགན་འཁུར་ཡོད། ད་ཐེངས་ཀྱི་ལས་འགན་ནི་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱེད་ཐེངས་356དེ་ཡིན།