འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་21ཉིན།

༄༅།།ཟླ་བའི་ལྷ་མོའི་ལས་འགན་ཏེ་ཟླ་བའི་མ་དཔེ་རྩིས་སྤྲོད་མཛད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་21ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་19ཉིན། ཟླ་དཔྱད་ལས་གྲྭའི་ཟླ་བའི་ལྷ་མོ་ཨང་རྟགས་ལྔ་བའི་ལས་འགན་ཏེ་ཟླ་བའི་མ་དཔེ་རྩིས་སྤྲོད་མཛད་སྒོ་པེ་ཅིང་དུ་སྤེལ་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུའུ་ལི་གཞོན་པ་ལུའུ་ཧོ་རྩིས་སྤྲོད་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།
ལུའུ་ཧོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་རྟེན་འབྲེལ་གློག་འཕྲིན་གཏོང་གནང་བའི་ཐོག་ནས་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་དང་མཁའ་སྐྱོད་ལས་དོན་ལ་མཐོང་ཆེན་བྱེད་པ་མཚོན་ཡོད་ལ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་མགྱོགས་པོར་འཛུགས་སྐྲུན་བྱེད་པར་ཁ་ཕྱོགས་གསལ་པོ་སྟོན་པ་དང་བླང་བྱ་བཏོན་ཡོད། ང་ཚོས་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་། ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་ཞེས་བསྟན་པ་རེད།
   ལུའུ་ཧོ་ཡིས་བསྟན་དོན། ཟླ་བའི་ལྷ་མོ་ཨང་རྟགས་ལྔ་བའི་ལས་འགན་དེས་ཕྱོགས་མང་པོའི་ཐད་“ཀྲུང་གོའི་ཐེངས་དང་པོ”དང་འཛམ་གླིང་གི་ཟིན་ཐོ་གསར་གཏོད་བྱས་ཡོད་ཅིང་། ཟླ་དཔྱད་ལས་གྲྭའི་“སྐོར་བབས་ལོག”གོམ་སྟབས་གསུམ་གྱི་འཐབ་ཇུས་འཆར་འགོད་བདེ་བླག་ངང་མཇུག་བསྒྲིལ་བ་རེད། འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་བརྟེན་གསར་གཏོད་ལམ་བུར་བསྐྱོད་ནས་ཐོབ་པའི་རླབས་ཆེའི་རྒྱལ་ཁ་ཞིག་རེད། མཁའ་སྐྱོད་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལས་དོན་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིན་ཆེན་པོ་ལྡན་ཡོད་པ་རེད། 
   ལུའུ་ཧོ་ཡིས་ཚན་རྩལ་ལས་དོན་ཉིད་འཕེལ་རྒྱས་དང་འཚོ་གནས་ལ་ཐུག་ཡོད་པས་དེའི་ཐད་ཐོག་མཐའ་བར་གསུམ་དུ་ཁ་ཚ་དགོས་གཏུག་ཆེ་བའི་ཚོར་སྣང་འཛིན་པ་དང་། རང་བརྟེན་གསར་གཏོད་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། གོང་དུ་སྤེལ་བའི་ཕན་ནུས་དང་ཕན་འབྲས་ཇེ་མཐོར་གཏོང་བ། ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་སྦྱོང་བརྡའི་བྱ་བ་དམ་འཛིན། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་གཏོང་བ་བཅས་བྱེད་དགོས། སྐུལ་སློང་ལམ་སྲོལ་གསར་གཏོད་འཐུས་ཚང་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཚན་རྩལ་ཁྱབ་གདལ་སློབ་གསོར་ཤུགས་ཆེན་པོ་རྒྱག་པ། ན་གཞོན་ལོ་ཆུང་དང་བྱིས་པའི་ཡ་མཚན་ཤེས་འདོད་བསམ་པ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།  (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15833258.html)