འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་16ཉིན།

༄༅༎དཀར་མཛེས་ཁུལ་གྱིས་བོད་རིག་པའི་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུ་སྐབས་དང་པོ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་16ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། དཀར་མཛེས་ཉིན་རེའི་ཚགས་པར་ནས་གནས་ཚུལ་འབྱོར་གསལ། ཟླ་12ཚེས་10ཉིན་དཀར་མཛེས་ཁུལ་གྱི་བོད་རིག་པའི་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་བཞུགས་མོལ་ཚོགས་འདུ་སྐབས་དང་པོ་དར་མདོར་འཚོགས་ཤིང་། བོད་རིག་པའི་རིགས་གཅིག་མཁས་པ་དང་མཁས་དབང་50ལྷག་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་ཅིང་། ཚོགས་ཞུགས་མི་སྣས་དཀར་མཛེས་ཁུལ་གྱི་བོད་རིག་པའི་ཞིབ་འཇུག་གི་ད་ལྟའི་གནས་ཚུལ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་དང་གསོ་སྐྱོང་། ལས་སྟེགས་འཛུགས་སྐྲུན། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་བཞུགས་མོལ་གནང་ཞིང་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།
     བཞུགས་མོལ་ཚོགས་འདུའི་ཐོག རིགས་གཅིག་མཁས་ཅན་ཚོས་བོད་རིག་པའི་ཞིབ་འཇུག་ལས་དོན་གྱི་གལ་ཆེའི་རང་བཞིན་དང་རིན་ཐང་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། ད་དུང་དཀར་མཛེས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་དཀར་མཛེས་ཁུལ་བོད་རིག་པའི་ཞིབ་འཇུག་ལས་དོན་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་དབྱེ་ཞིབ་བྱས་པ་དང་འབྲེལ། དུས་རབས་གསར་པའི་བོད་རིག་པའི་ཞིབ་འཇུག་ལས་དོན་ཡག་པོ་སྒྲུབ་པར“རྩ་དོན་གཅིག་རྒྱུན་འཁྱོངས་དང་། གཙོ་གནད་གཉིས་ལ་དམིགས་པ། དཔུང་ཁག་གཅིག་ཡག་པོ་འཛུགས་པ། ལས་སྟེགས་གཉིས་ཡག་པོ་འཛུགས་པ”བཅས་བྱེད་དགོས་པ་དང་། དམངས་སྲོལ་རིག་གནས་ཤེས་རྟོགས་དང་། སྔོག་འདོན། ཞིབ་འཇུག་བཅས་གཏིང་ཟབ་བྱས་པ་བརྒྱུད། གོམ་གང་མདུན་སྤོས་ཀྱིས་བོད་རིག་པའི་ཞིབ་འཇུག་ལས་དོན་དེ་གཞི་རིམ་དུ་བསྐྱོད་རྒྱུའི་རྨང་གཞི་བརྟན་པོ་ཞིག་བཏིང་སྟེ་བོད་རིག་པའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་བོད་རིག་པའི་ཞིབ་འཇུག་གི་ལས་དོན་ནང་ཞུགས་པའི་བརྩོན་སེམས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།  
     གྲོས་ཚོགས་ཐོག་ནན་བཤད་བྱས་དོན། དཀར་མཛེས་ཁུལ་གྱི་བོད་རིག་པའི་ཞིབ་འཇུག་གི་ལས་དོན་སྤེལ་བར་ཁུལ་ཨུད་ཀྱི་སྤྱི་ཡོངས་ཀྱི་ལས་ཀའི་བཀོད་པ་དང་འཐབ་ཇུས་ཆེན་པོ་དྲུག གསར་གཏོད་གསུམ་མཉམ་འགུལ། གྲོང་གསེབ་ཐོན་ལས་ཀྱི་ཤེས་ལྡན་མི་སྣ་དར་རྒྱས་སོགས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་དགོས། “ཁམས་པའི་ཤེས་ལྡན་མི་སྣའི་བྱ་རྒོད་འཆར་གཞི”དང“རབ་འབྱམས་པ་དང་འབུམ་རམས་པ་དཀར་མཛེས་སུ་འདྲེན་པ”སོགས་དེ་བས་ལེགས་པར་བཀོལ་སྤྱོད་བྱས་ནས་བོད་རིག་པའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་བྱེད་པའི་བྱ་ཐབས་ལ་བརྟེན་ནས་དཀར་མཛེས་ཁུལ་ལ་བྱང་ཚད་མཐོ་བ་དང་། ཆུ་ཚད་མཐོ་བའི་བོད་ཞིབ་དང་རྩོམ་སྒྱུར་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་འཛུགས་ཐུབ་པ་བྱེད་དགོས་པ་དང་། རིག་གཞུང་དུས་དེབ་དཔེ་སྐྲུན་བྱ་རྒྱུར་སྐུལ་འདེབས་བཏང་ནས་དཔེ་དེབ་ཀྱིས་དུས་དེབ་ཀྱི་ཚབ་བྱེད་པའི་རྣམ་པའི་ཐོག་ནས་བོད་རིག་པའི་ཞིབ་འཇུག་གི་དཔེ་སྐྲུན་ལས་སྟེགས་ཡག་པོ་སྐྲུན་ཐུབ་པ་བྱེད་དགོས། རིག་གཞུང་བགྲོ་གླེང་ཚོགས་འདུ་ཧུར་ཐག་གིས་འཚོགས་ནས་དཀར་མཛེས་ཁུལ་གྱི་བོད་རིག་པའི་ཞིབ་འཇུག་ཁང་གི་ཉེ་དུས་དང་ཕུགས་ཀྱི་འཕེལ་རྒྱས་ལ་མཛུབ་ཁྲིད་མཁོ་འདོན་བྱེད་དགོས། གཞི་རིམ་གྱི་བརྟག་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་བོད་རིག་པའི་ཞིབ་འཇུག་གི་ལས་དོན་དེ་ངེས་པར་དུ་རིག་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་རྨང་གཞིའི་ཐོག་གཞི་ཚུགས་དགོས་པ། ཐོག་མའི་བསམ་འདུན་བརྟན་སྲུང་དང་། འཕེལ་རྒྱས་མི་བརྗེད་པར། དེ་བས་མདུན་གྲལ་དང་དེ་བས་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱེད་ཐབས་ལ་བརྟེན་ནས་དེའི་རྗེས་ཀྱི་ཞིབ་འཇུག་བྱ་གཞི་མུ་མཐུད་ལེགས་འགྲུབ་བྱས་ཏེ། མི་རིགས་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་རང་ནུས་གང་ཡོད་འདོན་དགོས། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15832877.html)