འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་16ཉིན།

༄༅།།ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་ཉམས་མྱོང་གི་རྒྱལ་སྤྱིའི་གླེང་སྟེགས་ལ་རྟེན་འབྲེལ་
འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་16ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་ཉམས་མྱོང་གི་རྒྱལ་སྤྱིའི་གླེང་སྟེགས་ཟླ་12ཚེས་14ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
    ཞི་ཅིན་ཕིང་གིས། དབུལ་ཕོངས་སེལ་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཕུགས་བསམ་ཡིན། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་མི་དམངས་རྣམས་འཚོ་བ་བཟང་པོ་སྐྱེལ་རྒྱུ་ཡོང་བ་འབད་འཐབ་དམིགས་ཚད་དུ་བཟུང་སྟེ། དེའི་ཆེད་དུ་ཡུན་རིང་དཀའ་སྤྱད་འབད་འཐབ་བྱས་ཡོད། 2012ལོ་ནས་བཟུང་ཀྲུང་གོས་དེ་གོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་རྨང་གཞིའི་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་བཙུགས་པ་རེད། ལོ་བརྒྱད་ལྷག་ཙམ་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད། འདི་ལོ་ཀྲུང་གོས་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་ཕུད་པ། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་1ཙམ་དབུལ་སྒྲོལ་ཐུབ་པ་བཅས་བྱུང་སྟེ། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་དམངས་འཚོའི་བདེ་རྩའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། དེང་སྐབས་གོ་ལ་ཧྲིལ་པོར་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་པས་དབུལ་པོ་ཉུང་གཏོང་བྱ་གཞག་ལ་འགྲན་སློང་ཛ་དྲག་པོ་འཕྲད་བཞིན་ཡོད། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་འདོད་ཡོད། གླེང་སྟེགས་ནང་ཞུགས་མཁན་གྱིས་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱེད་པ་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཡོང་བ། དབུལ་པོ་ཉུང་གཏོང་གི་གདེང་ཚོད་ཆེ་རུ་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་མགྱོགས་སུ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།