འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་16ཉིན།

༄༅།།ཞི་ཅིན་ཕིང་དང་སོ་མ་ལིའི་ཙུང་ཐུང་མུའུ་ཧན་མོ་ཏེས་ཀྲུང་གོ་དང་སོ་མ་ལིའི་དབར་ཕྱི་འབྲེལ་བཙུགས་ནས་
ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་16ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སོ་མ་ལིའི་ཙུང་ཐུང་མུའུ་ཧན་མོ་ཏེས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། ཕྱི་འབྲེལ་བཙུགས་ནས་ལོ་60སོང་རིང་། རྒྱལ་སྤྱིར་འཕོ་འགྱུར་ཇི་འདྲ་བྱུང་ཡང་ཀྲུང་གོ་དང་སོ་མ་ལིས་སྔ་ཕྱི་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་རོགས་རམ་བཅས་བྱས་ཡོད། 2018ལོའི་ཟླ་དགུ་པར་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་འཚོག་རིང་། ངས་ཙུང་ཐུང་མུའུ་ཧན་མོ་ཏེ་དང་མཉམ་དུ་ཀྲུང་གོ་དང་སོ་མ་ལིའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་མ་ཟད། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པའི་རྗེས་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱས་ཡོད། ངས་ཀྲུང་གོ་དང་སོ་མ་ལིའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པས། ཁྱེད་དང་མཉམ་དུ་འབད་བརྩོན་ཆེན་པོས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་གོ་སྐབས་སུ་བཟུང་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་གི་དབུ་ཚོགས་དང་དེ་བཞིན་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གིས་ཕན་ཚུན་རྡོག་རྩ་བསྒྲིལ་ནས་རིམས་ནད་ལ་འགོག་རྒོལ་དང་དམིགས་བསལ་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
   མུའུ་ཧན་མོ་ཏེས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། འདས་ཟིན་པའི་ལོ་60ཡི་རིང་། སོ་མ་ལི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་མང་པོར་ཡུན་རིང་མཛའ་མཐུན་གྱི་འབྲེལ་བ་དང་མཉམ་ལས་ཡག་པོ་བྱ་རྒྱུ་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་ཡོད། སོ་མ་ལི་སྲིད་གཞུང་དང་མི་དམངས་ཀྱིས་སོ་མ་ལི་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ཟབ་པའི་མཉམ་ལས་དང་མཛའ་གྲོགས་ལ་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། སོ་མ་ལི་ནི་ནམ་ཡང་ཀྲུང་གོའི་གྲོགས་པོ་ཡིན་པས། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་ལས་དམ་ཟབ་བྱས་ཏེ་ཕྱོགས་གཉིས་པོའི་མཛའ་མཐུན་མཉམ་ལས་སྔར་བས་གཏིང་ཟབ་དང་རྒྱ་བསྐྱེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།