འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་15ཉིན།

༄༅༎ཡུན་ནན་བདེ་ཆེན་གྱི་ནགས་ཕག་མཚོ་རྒྱལ་སྤྱིའི་འདམ་ར་དེ་ཁྲུང་ཁྲུང་ནག་པོའི་རྒྱལ་ནང་གི་དགུན་སྒྲོལ་བྱ་ཡུལ་ཆེ་ཤོས་སུ་གྱུར་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་15ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཡུན་ནན་ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བདག་སྐྱོང་ཅུས་ནས་ཤེས་རྟོགས་བྱུང་བར། ནགས་ཕག་མཚོ་བདག་སྐྱོང་ཅུས་དང་ལྷོ་ནུབ་ནགས་ལས་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་ཚོགས་པའི་ལྟ་ཞིབ་ཚད་ལེན་བྱས་འབྲས་ལ་གཞིགས་ན། འདི་ལོ་ཁྲུང་ཁྲུང་ནག་པོ་400ལྷག་ཙམ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཕག་མཚོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་དུ་དགུན་སྒྲོལ་བྱེད་བཞིན་ཡོད་པ་དང་། འདམ་ར་དེ་ཁྲུང་ཁྲུང་ནག་པོའི་ཁྱུ་ཚོགས་ཀྱི་རྒྱལ་ནང་གི་དགུན་སྒྲོལ་བྱ་ཡུལ་ཆེ་ཤོས་སུ་གྱུར་ཡོད།
     ཁྲུང་ཁྲུང་ནག་པོ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ཞིང་། བྱང་ཕྱོགས་སུ་རྒྱུད་སྤེལ་བྱེད་པ་དང་འབྲི་ཆུའི་ལྷོ་རྒྱུད་ཁུལ་དུ་དགུན་སྒྲོལ་བྱེད་ཀྱི་ཡོད་པས“འདབ་ཆགས་ཁྲོད་ཀྱི་དོམ་ཁྲ་ཆེན་པོ”ཞེས་འབོད་ཀྱི་ཡོད།
     1988ལོར་ནགས་ཕག་མཚོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་དུ་ཁྲུང་ཁྲུང་ནག་པོ་ཐོག་མར་ཡོང་བ་དང་། 2004ལོར་མ་ལག་གིས་ཐོག་མར་ལྟ་ཞིབ་ཚད་ལེན་བྱས་པའི་ཁྲུང་ཁྲུང་ནག་པོ་60ལྷག་ཙམ་ཟིན་ཡོད། རིགས་གཅིག་མཁས་ཅན་ཚོགས་པའི་ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་པར། ན་ནིང་དང་འདི་ལོ་དེ་གར་དགུན་སྒྲོལ་བྱེད་པར་ཡོང་མཁན་ཁྲུང་ཁྲུང་ནག་པོ་400ལྷག་ཙམ་ཟིན་ནས་ནགས་ཕག་མཚོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་དེ་རྒྱལ་ནང་གི་ཁྲུང་ཁྲུང་ནག་པོའི་ཁྱུ་ཚོགས་ཆེ་ཤོས་དང་། གཅིག་སྡུད་ཆེ་ཤོས། གལ་ཆེ་ཤོས་བཅས་ཀྱི་དགུན་སྒྲོལ་བྱ་ཡུལ་དུ་གྱུར་ཡོད།
     ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་དུ་གནས་པའི་ནགས་ཕག་མཚོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་ནི་རང་རྒྱལ་གྱི་འབྲི་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་བདག་སྐྱོང་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་བསྟུན་ནས་འདམ་རའི་སྣོད་བཅུད་ཁོར་ཡུག་ཀྱང་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད། མིག་སྔར་ནགས་ཕག་མཚོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་དུ་འདབ་ཆགས་རིགས་179ཡོད་པ་དང་ལོ་ལྟར་དགུན་སྒྲོལ་བྱེད་མཁན་དུས་བྱ་ཁྲི་5ལྷག་ཙམ་ཟིན་གྱི་ཡོད་པ་རེད།