འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་7ཉིན།

༄༅༎རྔ་བ་ཧུང་ཡོན་དུ“སྒོ་རྩར་བསྐྱོད་ནས་སློབ་ཁྲིད”ལས་མི་སེམས་དྲོ་བར་བྱས་པ་དང་། སློབ་གསོའི་
ཐུགས་ཁུར་ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་07ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྔ་བ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སློབ་གསོའི་དབུལ་སྐྱོར་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས། དབང་སྐྱོན་ཚབས་ཆེན་དང་དབང་པོ་མང་པོར་སྐྱོན་ཡོད་པས་སློབ་གྲྭར་སྐྱོད་ཐབས་བྲལ་བའི་བྱིས་པར་གཞི་རྩའི་སློབ་གསོ་ཐོབ་པར་བྱ་ཆེད། རྔ་བ་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་རྡལ་གྱི་ཡུལ་གཞན་དུ་མི་གསོ་སྐྱོང་ཞག་སྡོད་ལམ་ལུགས་སློབ་ཆུང་གིས། གཅེས་སེམས་ལྡན་པ་དང་། འགན་འཁྲི་འཁུར་སེམས་ཆེ་བ། བསམ་བློ་དང་ལས་སྒོའི་བྱང་ཚད་མཐོ་བ། ཉམས་མྱོང་ཕུན་སུམ་ཚོགས་པ་བཅས་ཀྱི་དགེ་རྒན་བདམས་ཏེ། གཅིག་གཏད་གཅིག་གི་བྱ་ཐབས་ལ་བརྟེན་ནས་ཟླ་རེར“སྒོ་རྩར་བསྐྱོད་ནས་སློབ་ཁྲིད”ཀྱི་བྱེད་སྒོ་ཐེངས་གཉིས་ལས་མི་ཉུང་བ་སྤེལ་ནས། སློབ་གསོའི་དབུལ་སྐྱོར་གྱི་གྲུབ་འབྲས་ལས་དབུལ་པོ་དང་ཉམས་ཞན་ཚོགས་སྤྱིར་དེ་བས་ལེགས་པའི་ཕན་པ་ཐོབ་པར་བྱས་ཡོད། ཟླ་11ཚེས་17ཉིན། ཁྱུང་མཆུ་སློབ་ཆུང་གཉིས་པའི་དགེ་རྒན་སླར་ཡང་ཚོགས་ཆུང་ཁག་བགོས་ཀྱིས་ཁྱུང་མཆུ་གྲོང་རྡལ་སྟག་ལུང་གྲོང་ཚོར་བསྐྱོད་དེ“སྒོ་རྩར་སློབ་ཁྲིད”ཀྱི་བྱེད་སྒོ་སྤེལ་བ་རེད།
     ཚེ་རིང་རྡོ་རྗེ་འདི་ལོ་ལོ་11ལ་སླེབས་པ་དང་། ཁོ་བོ་ནི་རྒན་སྒྲོལ་དཀར་སྐྱིད་ཀྱི“སྒོ་རྩར་བསྐྱོད་ནས་སློབ་ཁྲིད”ཀྱི་རོགས་སྐྱོར་བྱ་ཡུལ་ཞིག་ཡིན་ཞིང་། སྒོ་རྩར་སློབ་ཁྲིད་མ་བྱས་གོང་། ཚེ་རིང་རྡོ་རྗེ་འགྲོ་སྐྱོད་སྟབས་བདེ་མེད་པ་དང་སློབ་སྦྱོང་བྱེད་རོགས་མེད་པས་རང་ཁྱིམ་དུ་ལུས་ཡོད། རྒན་སྒྲོལ་དཀར་སྐྱིད་ཀྱིས་ཚེ་རིང་རྡོ་རྗེའི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ལག་བསྟར་ཐུབ་ངེས་ཀྱི་སློབ་གསོའི་ཇུས་གཞི་བཟོས་པ་དང་། སློབ་ཁྲིད་ཀྱི་ནང་དོན་གྲ་སྒྲིག་ཞིབ་ཚགས་བྱས་ཡོད། སློབ་ཁྲིད་བྱེད་རིང་རྒན་སྒྲོལ་དཀར་སྐྱིད་ཀྱིས་སློབ་མའི་ཁྱིམ་བདག་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ཏེ། ཕྲུ་གུའི་གཟུགས་པོ་དང་འཚོ་བའི་གནས་ཚུལ་སྐད་ཆ་ཞིབ་ཕྲ་དྲིས་པ་དང་འབྲེལ། ཁྱིམ་བདག་ལའང་གསོ་སྦྱོང་སྟབས་བདེ་ཞིག་བྱས་ནས། ཁྱིམ་བདག་ལ་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་དྲག་སྐྱེད་སློབ་གསོའི་སྦྱོང་བརྡར་རྣམ་གྲངས་ལེགས་སྒྲུབ་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་བྱས་ཡོད། ད་དུང་ཕྲུ་གུ་དང་བྱམས་བརྩེའི་ངང་སྤེལ་རེས་དང་བསམ་བློའི་ཁྲིད་སྟོན་བྱས་ནས་ཕྲུ་གུའི་སློབ་སྦྱོང་བྱེད་སེམས་ཆེ་རུ་གཏོང་རོགས་བྱས་ཡོད། དེ་དང་དུས་མཚུངས་ཕྲུ་གུ་ཚོར་དཔེ་དེབ་དང་ཞ་སྨྱུག་སོགས་སློབ་ཆས་དང་། འོ་མ་དང་སྒོ་ངའི་བག་ལེབ་སོགས་འཚོ་བཅུད་ལེགས་གཏོང་འཆར་གཞིའི་བཟའ་བཅའ་སྤྲད་པ་དང་སྦྲགས། ཁོང་ཚོས་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བར་བྱས་ནས“སྒོ་རྩར་བསྐྱོད་ནས་སློབ་ཁྲིད་ལས་མི་སེམས་དྲོ་བར་བྱེད་པ་དང་། སློབ་གསོའི་ཐུགས་ཁུར་ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི”ཕན་འབྲས་ཐོན་པར་བྱས་པ་རེད།
     རྒན་སྒྲོལ་དཀར་སྐྱིད་ཀྱིས“སྒོ་རྩར་བསྐྱོད་ནས་སློབ་ཁྲིད”ནི་ཡུན་རིང་གི་དམིགས་བསལ་སློབ་གསོའི་ལས་དོན་ཞིག་རེད། ལས་དོན་དེ་སྤྱིར་བཏང་ཡིན་ལ་དཀའ་ཚེགས་ཆེ་མོད། འོན་ཀྱང་ཕྲུ་གུ་ཚོར་དགོས་མཁོ་ཡོད་ཚེ། ང་ཚོས་འོས་འགན་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ། སྒོ་རྩར་སློབ་ཁྲིད་ཡག་པོ་བྱེད་རྒྱུ་ཡིན”ཞེས་བརྗོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། “སྒོ་རྩར་བསྐྱོད་ནས་སློབ་ཁྲིད”ལས་དོན་ནི་དབང་སྐྱོན་ཚབས་ཆེན་གྱི་བྱིས་པར་འོས་འགན་སློབ་གསོ་ཐོབ་པར་བྱེད་པའི་བྱ་ཐབས་ཡག་ཤོས་ཤིག་ཡིན་ཞིང་། བྱ་ཐབས་དེས་དམིགས་བསལ་ཁྱིམ་ཚང་གི་སློབ་གསོའི་དཀའ་ངལ་ཐག་གཅོད་ཐུབ་པ་མ་ཟད། རིག་བརྟེན་སློབ་གསོ་གཏོང་ཐུབ་ནས་དམིགས་བསལ་ཕྲུ་གུས་བྱིས་པ་གཞན་དང་འདྲ་བའི་སློབ་གསོ་མྱོང་ཐུབ་ལ། ཁོང་ཚོས་སྤྱི་ཚོགས་ཁྱིམ་ཚང་ཆེ་མོའི་ཐུགས་ཁུར་དང་དྲོ་སྐྱིད་དེ་བས་ཚོར་ཐུབ་པ་རེད།