འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་3ཉིན།

༄༅༎ལི་ཐང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རིག་གནས་ཀྱི་སྟོན་མོར་རོལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་03ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འཁྲབ་སྟོན་བྱེད་སའི་ཡུལ་དངོས།
འཁྲབ་སྟོན་བྱེད་སའི་ཡུལ་དངོས།
     མི་དམངས་དྲ་བའི་འཕྲིན། དཀར་མཛེས་ཉིན་རེའི་ཚགས་པར་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། དཀར་མཛེས་ཁུལ་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་ལེ་ཚན་རྩེ་གྲ་གཞི་རིམ་ལ་འཁྲབ་སྟོན་དུ་བསྐྱོད་པའི་བྱེད་སྒོ་ལི་ཐང་རྫོང་དུ་སྤེལ་ལ། སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་གྱིས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཆིག་སྟོང་ལྷག་ཙམ་ལ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ལོངས་སུ་སྤྱོད་པར་བཅུག་ཡོད།
     བྱེད་སྒོ་སྤེལ་ཡུལ་དུ་ལི་ཐང་རྫོང་ཚོ་གསུམ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་ལྷ་མོ་དང་། འཇའ་བ་གྲོང་རྡལ་སྒུ་མཆུ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཀྲུའུ་མའོ་ཝུའེ། ཡར་ཤོག་ཤང་ཡར་ཤོག་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཧོང་ཆིའུ་ལིན། གྱང་པ་གྲོང་རྡལ་སྤྱི་ཤོག་གྲོང་ཚོའི་ཧྲུའུ་ཅི་དང་པོ་འཕྲིན་ལས་ལྷ་མོ་བཅས་ཀྱིས་ལྟད་མོ་བ་ཚོར་ཉེ་འགྲམ་དུ་བྱུང་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་གཏམ་རྒྱུད་བཤད་པ་རེད། གཏམ་རྒྱུད་དེ་དག་ལས་དུས་རབས་གསར་པའི་ལི་ཐང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་། འགག་སྒྲོལ་དཀའ་སེལ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད་ཅིང་། དབུལ་སྒྲོལ་འགག་སྒྲོལ་ཁྲོད་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་འགན་འཁྲི་དང་ཐེག་ཁུར་མཚོན་ཡོད།
     འཁྲབ་སྟོན་དེ་སྤྲོ་སེམས་རབ་ཏུ་འཁོལ་བའི་གླུ་གར《དགའ་སྟོན》ལས་དངོས་སུ་འགོ་ཚུགས་པ་རེད། ཞབས་བྲོ་དང་། གླུ་གཞས། ཟློས་གར། རོལ་དབྱངས་དཀྲོལ་གཏོང་སོགས་ཀྱི་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་པ་རེད། 《མའོ་ཀྲུའུ་ཞི་ཡིས་མི་མངགས་བྱུང》དང་། 《གླུ་ཞིག་བླངས་ནས་ཁྱེད་ལ་འབུལ》《ཨ་མ་གཅིག་གི་བུ་མོ》སོགས་ཀྱི་ལེ་ཚན་གྱིས་ལོ་ངོ་70རིང་དཀར་མཛེས་ཁུལ་གྱི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་མངོན་པར་བྱས་ཡོད་ཅིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་ཁྲོད་ལས་ལ་བརྩོན་ཞིང་མདུན་དུ་སྐྱོད་པ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་བསམ་པའི་རྣམ་པ་མངོན་པར་བྱས་ཡོད། མི་སེམས་འགུལ་བའི་གླུ་སྐད་དང་སྒེག་ཉམས་ལྡན་པའི་གར་སྟབས་ཀྱིས་ལྟད་མོ་བའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་བཀུག་པ་དང་། ཡུལ་དངོས་ཀྱི་ལྟད་མོ་བ་ཚོས་ཕ་ཡུལ་ལ་དགའ་ཞེན་དང་། ཕ་ཡུལ་འཛུགས་སྐྲུན། ཐུན་མོང་ཐོག་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་སྤྲོ་སེམས་དང་ཡིད་ཆེས་ཆེ་རུ་བསྐྱེད་པ་རེད། གླུ་གཞས《ང་དང་ངའི་མེས་རྒྱལ》གྱིས་བྱེད་སྒོའི་མཐོ་རླབས་འཕྱུར་བར་བཅུག་ལ། གར་སྟེགས་གོང་འོག་ཚང་མས་གླུ་གཞས་མཉམ་གཏོང་བྱས་པ་རེད། འཁྲབ་སྟོན་ཡོངས་ཀྱི་རྣམ་པ་འཁྲུག་ཆ་དོད་པ་དང་མཐོ་རླབས་ཡང་ཡང་འཕྱུར་བས་ཡུལ་དངོས་ཀྱི་ལྟད་མོ་བའི་གདེང་འཇོག་ཡག་པོ་ཐོབ་ཡོད།
     ལེ་ཚན་ལ་རོལ་མྱོང་བྱས་རྗེས། ལོ་73ལ་སླེབས་པའི་ལས་འཁྱུར་ངལ་གསོ་བྱས་མཁན་ལས་བྱེད་པ་ངག་དབང་གིས“བཅིངས་འགྲོལ་བཏང་བ་ནས་ད་བར་ང་ཚོའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་གྱུར་ལ། ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཇུས་ལག་བསྟར་བྱས་པ་ནས་བཟུང་། ཏང་གི་འགོ་ཁྲིད་འོག་ཁུལ་ཡོངས་ཀྱི་མི་དམངས་ཀྱི་འཚོ་བ་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བ་རེད། དཀར་མཛེས་ཀྱི་འབྱུང་འགྱུར་དེ་བས་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ”ཞེས་བརྗོད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15831639.html)