འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་3ཉིན།

༄༅༎བོད་ཀྱིས་ཞིང་འབྲོག་པ་ཁྲི་200ལྷག་ཙམ་གྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་03ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་འབྲོག་པས་མཚོ་ཆུ་ལེན་བཞིན་པ།
འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་འབྲོག་པས་མཚོ་ཆུ་ལེན་བཞིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་1ཉིན་གློག་འཕྲིན་འབྱོར་གསལ། “སྔོན་ཆད་ང་ཚོའི་འཐུང་ཆུ་ནི་ཡུར་བུའི་ནང་གི་ཆུ་ཡིན། དེ་ལས་སྔ་བའི་སྐབས་སུ་ཆུ་བན་ཁུར་ནས་ཆུ་ལེན་དགོས་ཀྱི་ཡོད། དེ་རྗེས་འཁོར་གསུམ་རྐང་འཁོར་བཏང་ནས་ཆུ་ལེན་པར་འགྲོ་དགོས་ཀྱི་ཡོད། དགུན་དུས་སུ་འཁྱགས་པ་བཞུར་ནས་ཆུ་ལེན་ཐབས་བྱེད་དགོས་ཀྱི་ཡོད། སྐབས་དེ་དུས་ཉིན་ལྟར་ཆུ་བན་ཁུར་ནས་ཆུ་ལེན་དགོས་པས་ལས་ཀ་གཞན་དག་བྱེད་ཐབས་བྲལ་ཡོད”ཅེས་བོད་རང་སྐྱོང་ལྗོངས་མཚོ་གཉིས་རྫོང་གི་ཞིང་འབྲོག་པ་ཚེ་རིང་སྒྲོལ་དཀར་གྱིས་བརྗོད་བྱུང་།
     ད་ཆ་ཚེ་རིང་སྒྲོལ་དཀར་གྱི་ནང་མི་ཚང་མ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རིའི་ས་བབ་མཐོ་བའི་གནས་སྤོས་ཡུལ་མིའི་གྲོང་གསར་དུ་སྤོས་ནས་དྭངས་གཙང་གི་རང་འབབ་ཆུ་ཀ་ལ་འཐུང་རྒྱུ་བྱུང་ཡོད།
     བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་གྲངས་གཞི་ལས་མངོན་གསལ། མིག་སྔའི་བར་བོད་ཀྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྒྱུར་བཀོད་མཐོར་གཏོང་ལས་གྲྭ་ཁག་17581བསྒྲུབས་པས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཚང་མ་ཐག་གཅོད་ཐུབ་པ་དང་ཞིང་འབྲོག་པ་ཁྲི་200ལྷག་ཙམ་ལ་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད།
     “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་གྲགས་པའི་བོད་ལ་ཆུའི་ཐོན་ཁུངས་ཁྱབ་ཚུལ་དོ་སྙོམས་མེད་པ་དང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཉམས་ཞན་ཡིན་པས། ཞིང་འབྲོག་པ་ཆུ་ལེན་པ་དང་འཐུང་ཆུའི་དཀའ་གནད་མངོན་གསལ་དོད་པོ་ཡོད། ས་ཁུལ་ཁ་ཤས་ཀྱི་འཐུང་ཆུའི་ནང་སྭེན་དང་ཧྥུའུ་འདུས་ཚད་ཧ་ཅང་མཐོ་བ་དང་ས་ངོས་ཆུའི་ནང་འབུ་ཕྲ་ཧ་ཅང་མང་བ་སོགས་ཀྱི་གནད་དོན་ཡོད་པའི་དབང་གིས་གྲུམ་བུ་ཚིགས་ཆེན་ནད་སོགས་ས་གནས་ནད་གཞི་ཁྱབ་ཆེར་སོང་ཡོད།
     2005ལོར་བོད་ཀྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་ལས་གྲྭ་ལག་བསྟར་བྱེད་འགོ་བརྩམས་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། བོད་ཀྱིས《2019ལོ་ནས་2020ལོ་བར་གྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་ཇུས་གཞི》ལག་བསྟར་བྱས་པ། 2016ལོ་ནས་2019ལོའི་ལོ་མཇུག་བར་ཁྱོན་བསྡོམས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་43.24དོན་འཁྱོལ་བྱས་ཡོད།
     བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་སུན་ཤན་ཀྲུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་ཞིང་འབྲོག་ཁུལ་གྱི་འཐུང་ཆུ་དེ་སྔོན་ཆད་ཀྱི་གཅིག་སྡུད་སྤྱི་པའི་ཆུ་མཁོ་སྤྲོད་ས་ཚིགས་ནས་ཆུ་ཀ་ལ་ཁྱིམ་དུ་ཁྲིད་པའི་བར་དང་། ས་ངོས་ཀྱི་ཆུ་མཁོ་སྤྲོད་བྱེད་པ་ནས་ས་འོག་གི་ཆུ་མཁོ་སྤྲོད་བྱེད་པའི་བར། དུས་ཐོག་ཏུ་ཆུ་མཁོ་སྤྲོད་བྱེད་པ་ནས་དུས་དང་རྣམ་པ་ཀུན་ཏུ་ཆུ་མཁོ་སྤྲོད་བྱེད་པའི་བར་མཆོང་སྐྱོད་ཆེན་པོ་བྱུང་ཡོད།
     བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་རྩ་ཧྲེང་གྲོང་ཚོའི་གྲོང་མི་བཅིངས་འགྲོལ་བདེ་སྐྱིད་ཀྱིས་ཁྱིམ་ཚང་མགྲོན་ཁང་བཙུགས་ཡོད། “དེ་སྔ་འཐུང་ཆུ་འགན་ལེན་མ་ཐུབ་སྟབས་སྐུ་མགྲོན་གཟུགས་པོ་འཁྲུ་དགོས་བསམ་ཡང་འཁྲུ་ཐབས་མེད། ད་ཆ་ཉིན་མཚན་དབྱེར་མེད་དུ་ཆུ་ཀ་ལ་ཡོད་ལ་ཆུ་ཚོད་24རིང་ཆུ་ཚ་པོ་ཡོད། དེར་བརྟེན་ཡུལ་སྐོར་བ་མང་དུ་སོང་བ་དང་བསྟུན་ནས་ང་ཚོའི་འཚོ་བའང་ཇེ་ལེགས་སུ་སོང་ཡོད”ཅེས་བཅིངས་འགྲོལ་བདེ་སྐྱིད་ཀྱིས་བརྗོད་བྱུང་།
     གྲངས་གཞིའི་བསྡོམས་རྩིས་བྱས་པ་ལས་མངོན་གསལ། ཉེ་བའི་ལོ་ཤས་རིང་། བོད་ཀྱི་འཐུང་ཆུ་ལས་བྱུང་བའི་ཧྥུའུ་དུག་ཕོག་པའི་ནད་ཁུལ་རྫོང་གི་འཐུང་ཆུའི་ཚད་གཞི་དེ་ཚོད་འཛིན་ཐུབ་པའི་ཚད་གཞིར་སླེབས་ཡོད། གྲུམ་བུ་ཚིགས་ཆེན་ནད་ཁུལ་གྱི་བྱིས་པར་ནད་ཕོག་ཚད་2000ལོའི་37.86%ནས་0བར་ཆག་པ་དང་གྲུམ་བུ་ཚིགས་ཆེན་ནད་ཁུལ་རྫོང་54ཚང་མ་གཙང་སེལ་བྱེད་པའི་ཚད་གཞིར་སླེབས་ཡོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15831598.html)
【1】  【2】
འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཤང་གི་ཞིང་པས་ཀ་ལའི་ཆུ་སྤྱོད་བཞིན་པ།
འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་རྣམ་རྒྱལ་ཞོལ་ཤང་གི་ཞིང་པས་ཀ་ལའི་ཆུ་སྤྱོད་བཞིན་པ།