འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་2ཉིན།

༄༅༎གཞོན་ནུ་མཁས་དབང་ཚོའི་མིག་གི་མཐོང་ཡུལ་ཁྲོད་ཀྱི་བོད་དང་འབྲེལ་བའི་རྩེར་སོན་རིག་མཛོད།

——ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཞོན་ནུའི་རིག་གཞུང་གླེང་སྟེགས་སྐབས་བཞི་པའི་སྐོར་ཕྱོགས་བསྡུས་ཀྱིས་བཤད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་02ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎གཞོན་ནུ་མཁས་དབང་ཚོའི་མིག་གི་མཐོང་ཡུལ་ཁྲོད་ཀྱི་བོད་དང་འབྲེལ་བའི་རྩེར་སོན་རིག་མཛོད།
     “རིག་མཛོད”ཅེས་པ་དེ་ནི་སྐབས་འདིའི་གཞོན་ནུའི་རིག་གཞུང་གླེང་སྟེགས་ཐོག་ཡང་ཡང་གླེང་བའི་ཐ་སྙད་གཙོ་བོ་ཞིག་རེད། ཅི་ཞིག་ལ་རིག་མཛོད་ཟེར། བོད་དང་འབྲེལ་བའི་རིག་མཛོད་གང་འདྲ་ཞིག་འཛུགས་སྐྲུན་བྱེད་དགོས། བོད་དང་འབྲེལ་བའི་རྩེར་སོན་རིག་མཛོད་ཇི་ལྟར་འཛུགས་སྐྲུན་བྱེད་དགོས། ད་ཐེངས་ཀྱི་གླེང་སྟེགས་ཐོག་གཞོན་ནུ་མཁས་དབང་ཚོས་གང་བསམ་ལྷུག་གླེང་གིས་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
     ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དེང་རབས་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ། ཞིབ་འཇུག་པ་གཞོན་པ་ཞའོ་ཅེས“གཞན་གྱི་དགེ་མཚན་དང་སྔོན་ཕམ་རྗེས་དཔེ”ཞེས་པ་བརྗོད་གཞིར་བྱས་ཤིང་། རིག་མཛོད་འཕེལ་རྒྱས་ཀྱི་སྤྱིར་བཏང་གི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་པ་དང་། ཀྲུང་གོ་དང་ནུབ་ཕྱོགས་ཀྱི་རིག་མཛོད་ཀྱི་ནུས་པ་བསྡུར་རེས་བྱས་པ་བརྒྱུད་རིག་མཛོད་ཀྱི་ནུས་པ་ཤེས་རྟོགས་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ནས་བོད་དང་འབྲེལ་བའི་རིག་མཛོད་འཛུགས་སྐྲུན་བྱ་དགོས་པ་ངོས་འཛིན་བྱས་པ་རེད། རྒྱ་ཁྱབ་ཆེ་བའི་སྤྱི་ཚོགས་དྲ་རྒྱ་དང་། སྔོན་བརྒལ་འོས་འཚམ་གྱི་བསམ་བློ་གསོག་འཇོག་དང་རང་འགུལ་ངང་གྲོས་གཞི་བཀོད་སྒྲིག་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བོད་དང་འབྲེལ་བའི་རིག་མཛོད་འཛུགས་སྐྲུན་བྱེད་པར་ངེས་པར་དུ་འགག་སྒྲོལ་བྱེད་དགོས་པའི་མཁར་རྫོང་ཞིག་ཡིན། དེང་རབས་ཞིབ་འཇུག་ཁང་གི་ཞིབ་འཇུག་རམ་འདེགས་པ་ཞའོ་ཝེ་ལིན་གྱིས་རང་གི་གནས་ཚུལ་རྟོགས་པ་དང་། གཞན་གྱི་གནས་ཚུལ་རྟོགས་པ། ཤེས་ལྡན་མི་སྣ། ཁྱབ་སྤེལ་བཅས་ཕྱོགས་བཞི་ནས་བོད་དང་འབྲེལ་བ་ཡོད་པའི་རིག་མཛོད་འཛུགས་སྐྲུན་ཁྲོད་ཀྱི་གྲོས་གཞི་བཀོད་སྒྲིག་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཞིབ་འཇུག་གི་འབྲེལ་བའི་ཐག་གཅོད་སོགས་ལ་རྒྱས་བཤད་བྱས་པ་རེད། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལས་ཁུངས་ཏང་ཨུད་ཧྲུའུ་ཅི་ལིའུ་ཕེང་གིས་མི་དོན་ལས་དོན་གྱི་ཐོག་ནས་བོད་དང་འབྲེལ་བའི་རྩེར་སོན་རིག་མཛོད་འཛུགས་སྐྲུན་བྱ་རྒྱུ་དེ་ཤེས་ལྡན་མི་སྣ་དང་འབྲལ་ཐབས་མེད་པས། ལམ་ལུགས་གསར་གཏོད་བྱས་པ་བརྒྱུད་རྒྱལ་ཡོངས་ཀྱི་བོད་རིག་པའི་ཞིབ་འཇུག་ཤེས་ལྡན་མི་སྣ་གཅིག་སྡུད་བྱས་ཐོག་འོས་འཚམ་གྱི་ཤེས་ལྡན་མི་སྣ་དང་སྔོན་ཐོན་གྱི་སྒྲིག་གཞི་ལམ་སྲོལ་ཟུང་འབྲེལ་བྱས་ནས། ཕན་འབྲས་ཆེ་བའི་འཁོར་སྐྱོད་མ་ལག་ཅིག་ཆགས་པ་ཇི་ལྟར་བྱ་རྒྱུ་ནི་མིག་སྔར་བོད་དང་འབྲེལ་བའི་རིག་མཛོད་འཛུགས་སྐྲུན་ཐད་བསམ་གཞིག་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད་ཅེས་བཏོན་པ་རེད།
     “བསམ་བློ་གསར་པ་དང་། འདུ་ཤེས་གསར་པ། ལག་རྩལ་གསར་པ་བཅས་ནི་བོད་དང་འབྲེལ་བའི་རིག་མཛོད་དུས་བསྟུན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་པའི་ཕྱོགས་གལ་ཆེན་ཞིག་ཡིན་པས། རིག་ནུས་དང་རིག་མཛོད་ཕན་ཚུན་གདོང་ཐུག་དང་རིག་ནུས་མ་ལག་གིས་རིག་མཛོད་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རུ་འཇུག་པ”ནི་སྐབས་འདིའི་གླེང་སྟེགས་ཐོག་གི་ལྟ་སྟངས་གསར་རྐྱང་ཞིག་རེད། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་ཁང་གི་བསོད་ནམས་དགེ་ལྡན་གྱིས། སྲོལ་རྒྱུན་གྱི་ཤོག་བུའི་དཔེ་དེབ་དེ་དེང་རབས་ཅན་གྱི་རིག་ནུས་ཉེར་སྤྱོད་མཉེན་ཆས་སུ་གསར་སྤེལ་བྱས་པ་དེས་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་གསར་སྤེལ་ལ་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་དང་། སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་གྱི་སྤུས་ཚད་དང་ལས་ཕྱོད་མཐོ་རུ་གཏོང་བ། བོད་དང་འབྲེལ་བའི་རིག་མཛོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་རོགས་རམ་ཆེན་པོ་ཡོད་པ་རེད་ཅེས་ངོས་འཛིན་བྱས་པ་རེད།
     སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་གི་ན་གཞོན་མཁས་དབང་དཀར་སྐྱིད་ཀྱིས་བོད་ལྗོངས་དང་དེ་བཞིན་བོད་དང་འབྲེལ་བའི་ལས་དོན་གྱི་གཙོ་གནད་ཞིང་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཐོན་པའི་གཞོན་ནུ་ཕུལ་བྱུང་ཚོགས་སྤྱིར་དོ་ཁུར་བྱས་ནས། ན་གཞོན་སྟོབས་ཤུགས་དང་བོད་དང་འབྲེལ་བའི་རིག་མཛོད་འཛུགས་སྐྲུན་བར་གྱི་འབྲེལ་བ་བཏོན་ཡོད་ཅིང་། བོད་དང་འབྲེལ་བའི་རིག་མཛོད་འཛུགས་སྐྲུན་བྱེད་པར་དོན་དངོས་ལ་གཞི་ཚུགས་པ་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཏེ་ཀླད་པའི་ནང་གི་བློ་གྲོས་དེ་མིག་མདུན་གྱི་གྲུབ་འབྲས་སུ་འགྱུར་བ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
     གཞོན་ནུ་མཁས་དབང་ཚོས་ངོས་འཛིན་བྱས་དོན། བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་ནས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་བོད་དང་འབྲེལ་བའི་རིག་མཛོད་འཛུགས་སྐྲུན་བྱེད་པའི་དོན་སྙིང་གནས་ས་ཡིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་རྟེན་རྫས་བཤམས་མཛོད་ཁང་གི་ན་གཞོན་མཁས་དབང་ཀྲང་ཀྲུང་ཡས་ཞ་ལུ་དགོན་པའི་རྒྱ་བོད་སྒྱུ་རྩལ་བཤམས་སྟོན་ཐོག་བོད་ལྗོངས་ཀྱི་གཏམ་རྒྱུད་བརྗོད་པ་དཔེར་བཞག་སྟེ། “དངོས་དཔང་ལ་བརྟེན་ནས་ལོ་རྒྱུས་ར་སྤྲོད་བྱེད་པ”བརྒྱུད་རིག་གཞུང་གི་སྐད་ཆ་གྲུབ་པ་དང་འབྲེལ་ཁྱབ་སྤེལ་ཆེས་ཆེར་ཡོང་བ་བྱ་རྒྱུ་ནི། བོད་དང་འབྲེལ་བའི་རིག་མཛོད་འཛུགས་སྐྲུན་བྱེད་པར་ཧ་ཅང་མཁོ་བའི་བྱེད་ཐབས་ཤིག་ཡིན་ཞེས་བཏོན་པ་རེད། 
     བོད་ལུགས་གསོ་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་ན་གཞོན་མཁས་དབང་ལུའོ་ཧུའེ་ཡིས“ཡུན་རིང་བོད་སྐྲུན་ལ་བདེ་ཐང་འགན་ལེན་བྱེད”ཅེས་བརྗོད་གཞིར་བྱས་ནས། རང་ངོས་ཀྱི་ཞིབ་འཇུག་ཁྱབ་ཁོངས་ནས་འགོ་རྩོམ་པ་དང་། ས་མཐོའི་འཕྲོད་སྦྱོར་དང་བྲལ་བའི་ནད་རྟགས(“དབྱང་གིས་བཟི་བའི་ནད་རྟགས”སམ་ཡང་ན་བབ་དམའ་འགྱུར་འབྱུང་ཡང་ཟེར)ཀྱི་སྨན་བཅོས་དང་ཞིབ་འཇུག་དེ་འཇུག་སྒོར་བྱས་ནས། ས་མཐོའི་གསོ་རིག་གི་རྨང་གཞི་དང་ཉེར་སྤྱོད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་ནད་ཐོག་སྨན་བཅོས་ཀྱི་ཚན་ཞིབ་སྒོ་བསྟེན་སྨན་ཁང་འཛུགས་པ་སོགས་ཚན་རིག་རང་བཞིན་དང་ཆེད་ལས་རང་བཞིན་ལྡན་པའི་ལྟ་བ་རབ་དང་རིམ་པ་བཏོན་ཡོད།
     ལོ་རེའི་ཟླ་11པ་ནི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རིག་གཞུང་ཟླ་བ་ཡིན། ན་གཞོན་མཁས་དབང་ཚོས་རང་ཉིད་ཀྱི་ཞིབ་འཇུག་གྲུབ་འབྲས་ཁྱེར་ནས་རིག་གཞུང་བྱེད་སྒོ་སྣ་ཚོགས་ནང་ཞུགས་པ་བརྒྱུད་རིག་གཞུང་ལས་རིགས་གཅིག་པའི་དབར་འབྲེལ་མཐུད་དང་། སྤེལ་རེས། གྲོས་བསྡུར་བཅས་བྱས་པ་རེད། བོད་རིག་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཆེད་མཁས་ཡང་ཡུལ་དངོས་སུ་ཐོན་ནས། ན་གཞོན་མཁས་དབང་རྣམས་ཀྱི་ལྟ་སྟངས་ལ་ཉན་ནས་ཁོང་ཚོར་རིག་གཞུང་གི་སློབ་སྟོན་བྱེད་ཀྱི་ཡོད།
     གཞོན་ནུ་བོད་རིག་པའི་ཚོགས་པའི་ཚོགས་གཙོ་གཞོན་པ་ལི་ཅན་གྱིས་ཕྱོགས་སྡོམ་བྱས་སྐབས། “ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནི་རྒྱལ་ཡོངས་ཀྱི་བོད་དང་འབྲེལ་བའི་རིག་མཛོད་གལ་ཆེན་ཞིག་ཡིན་པས་ང་ཚོས་བློ་ལ་བརྟན་པོར་ངེས་དགོས་པ་ཞིག་ནི་རྒྱུན་ཆད་མེད་པར་ཕྱིར་མིག་བལྟས་དགོས་ཤིང་། རྒྱུན་འཛིན་བྱས་ན་ད་གཟོད་གསར་གཏོད་བྱེད་ཐུབ། བོད་དང་འབྲེལ་བའི་རིག་མཛོད་ནས་བོད་དང་འབྲེལ་བའི་རྩེར་སོན་རིག་མཛོད་བར། གྲངས་ཚད་ཀྱི་ཁྱད་པར་ཙམ་མིན་པར་ངོ་བོའི་ཁྱད་པར་ཡང་ཡིན། བརྒྱུད་རིམ་འདིའི་ཁྲོད་དུ་ང་ཚོས་དུས་རབས་ཀྱི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་པ་དང་། དུས་རབས་ཀྱི་འཕར་རྩ་དམ་འཛིན་བྱས་ནས། ཚང་མས་གང་ནུས་དེ་སྒྲུབ་དང་། ཕྱར་བ་གྲུ་འདེགས་ཀྱིས་ཐུན་མོང་ཐོག་དམིགས་ཡུལ་འདིའི་ཆེད་དུ་འབད་བརྩོན་བྱེད་དགོས”ཞེས་བརྗོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15831480.html)