འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་30ཉིན།

༄༅༎2021ལོ་ནས་བཟུང་། རང་རྒྱལ་གྱིས་སྲ་གཟུགས་སྙིགས་རོ་ནང་འདྲེན་ལ་ཁྱོན་ཡོངས་ནས་བཀག་འགོག་བྱེད་མཁན་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་30ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་27ཉིན་གློག་འཕྲིན་འབྱོར་གསལ། 2021ལོའི་ཟླ་1ཚེས་1ཉིན་ནས་བཟུང་། རང་རྒྱལ་གྱིས་བྱ་ཐབས་གང་རུང་ལ་བརྟེན་ནས་སྲ་གཟུགས་སྙིགས་རོ་ནང་འདྲེན་དང་རང་རྒྱལ་གྱི་མངའ་ཁོངས་ཕྱི་རོལ་གྱི་སྲ་གཟུགས་སྙིགས་རོ་ས་ཁོངས་ནང་དུ་དབོར་བ་དང་། འཇོག་པ། བཀོད་སྒྲིག་བཅས་བྱེད་པར་བཀག་འགོག་བྱ་རྒྱུ་རེད།
     ཉེ་ཆར། སྣོད་བཅུད་ཁོར་ཡུག་པུའུ་དང་། ཚོང་དོན་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། འགག་སྒོ་སྤྱི་ཁྱབ་ཧྲུའུ་བཅས་ཀྱིས《སྲ་གཟུགས་སྙིགས་རོ་ནང་འདྲེན་ལ་ཁྱོན་ཡོངས་ནས་བཀག་འགོག་བྱེད་རྒྱུའི་སྐོར་གྱི་འབྲེལ་ཡོད་དོན་ཚན་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ཡོད། སྣོད་བཅུད་ཁོར་ཡུག་པུའི་སྲ་གཟུགས་སྙིགས་རོ་དང་རྫས་འགྱུར་ཐོན་རྫས་སིའི་འབྲེལ་ཡོད་འགན་འཁུར་བས་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་སྲ་གཟུགས་སྙིགས་རོའི་ནང་འདྲེན་རིགས་དང་གྲངས་འབོར་ཤུགས་ཆེན་ཆག་ཡོད། སྤྱི་བསྒྲགས་ལ་གཞིགས་ནས་རང་རྒྱལ་གྱིས་སྲ་གཟུགས་སྙིགས་རོ་ནང་འདྲེན་ལ་ཁྱོན་ཡོངས་ནས་བཀག་འགོག་བྱེད་རྒྱུ་དང་། སྣོད་བཅུད་ཁོར་ཡུག་པུས་ནང་འདྲེན་ཚོད་འཛིན་བྱས་པའི་མ་བཅོས་རྒྱུ་ཆར་སྤྱོད་པའི་སྲ་གཟུགས་སྙིགས་རོའི་རིགས་ཀྱི་ནང་འདྲེན་ཆོག་འཐུས་ལག་ཁྱེར་ལ་མུ་མཐུད་ཞིབ་མཆན་འགོད་པ་དང་སྤྲོད་ཀྱི་མིན་ཞེས་བརྗོད།
     འགན་འཁུར་བ་དེས་2020ལོའི་སྣོད་བཅུད་ཁོར་ཡུག་པུས་ཞིབ་མཆན་བཀོད་པ་དང་སྤྲད་ཟིན་པའི་ནང་འདྲེན་ཚོད་འཛིན་བྱས་པའི་མ་བཅོས་རྒྱུ་ཆར་སྤྱོད་པའི་སྲ་གཟུགས་སྙིགས་རོའི་རིགས་ཀྱི་ནང་འདྲེན་ཆོག་འཐུས་ལག་ཁྱེར་དེ་ལག་ཁྱེར་དུ་འཁོད་པའི་2020ལོའི་གོ་ཆོད་དུས་ཡུན་ནང་བེད་སྤྱོད་པ་ལས་དུས་བཅད་ལས་ཡོལ་ཚེ་གོ་ཆོད་ཀྱི་མེད་ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས་འབྲེལ་ཡོད་ལག་ཁྱེར་ཡོད་པའི་ཁེ་ལས་ཀྱིས་སྒོ་ཁྲལ་འཇལ་བའི་འབྲེལ་ཡོད་དོན་ཚན་གྱི་འགྲོ་ལུགས་གང་མགྱོགས་གཉེར་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།