འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་29ཉིན།

༄༅།།བོད་ཀྱིས་ཞིང་འབྲོག་པའི་ལས་ཞུགས་རྩལ་ནུས་གསོ་སྦྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་29ཉིན། 12:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཞིང་འབྲོག་པ་མང་པོ་ཞིག་གིས་ངལ་རྩོལ་རྩལ་ནུས་གསོ་སྦྱོང་ལ་བརྟེན་ནས་ལས་ཞུགས་གཞན་སྒྱུར་ཐུབ་པར་བྱས་ཡོད། ཟླ་10པའི་ཟླ་མཇུག་ཏུ་བོད་རང་སྐྱོང་ལྗོངས་སུ་ཞིང་འབྲོག་པ་ཁྲི་60.4ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་45.4བྱུང་ཡོད། དེའི་ནང་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ལས་སྒྲོལ་བའི་མི་77289ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ལྗོངས་ཕྱིའི་མི་5546ལས་ཞུགས་གཞན་སྒྱུར་ཐུབ་ཡོད།
    རྩལ་ནུས་གསར་པར་བརྟེན་ནས་ཐོན་ལས་གསར་པར་གཞོལ་བ།
    ཕུར་བསམ་གྱི་ངོས་ནས་བརྗོད་ན་ཕྱུགས་འཚོ་བ་ནི་ལག་རྩལ་ཞིག་མིན། “མི་རབས་ནས་མི་རབས་བར་འབྲོག་པའི་འཚོ་བ་སྐྱེལ་གྱི་ཡོད”ཅེས་ཕུར་བསམ་གྱིས་བཤད།
    རགས་ལས་ཅན་གྱི་གསོ་ཚགས་ལས་ཐོན་སྐྱེད་ལས་ཕྱོད་དམའ་བ་དང་བཤས་གཏོང་བར་ལོ་ལྔ་དྲུག་འགོར་བ་མ་ཟད། ཕྱུགས་རིགས་ཤི་ཚད་ཀྱང་མང་པོ་ཡོད། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་དེང་རབས་ཅན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བར་རོགས་རམ་བྱ་ཆེད། 2018ལོའི་ལོ་འགོར་ཅང་སུའུ་ཡི་ཁ་གཏད་རོགས་སྐྱོར་དམངས་འཚོའི་རྣམ་གྲངས་གལ་ཆེན་སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད། ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་དང་། ལྷུན་གྲུབ་རྫོང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རྒྱུན་ལས་རྫོང་དཔོན་གཞོན་པ་ཝུའེ་གོ་ལིན་གྱིས་ངོ་སྤྲོད་བྱས་པར། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.5བཏང་བ་དང་། གཙོ་བོ་འབྲི་གཡག་གསོ་སྤེལ་དང་གཟན་རྩྭ་ལས་སྣོན་ཐོན་ལས་འཕེལ་རྒྱས་བཏང་ནས་ཉེ་འགྲམ་གྱི་ཞིང་འབྲོག་པ་ས་གནས་དེ་གར་ལས་ཞུགས་སྣེ་ཁྲིད་ཐུབ་སྟེ་གླིང་ཁུལ་དུ་ལས་ཞུགས་བྱེད་མཁན་ཞིང་འབྲོག་པའི་ཟླ་རེའི་གླ་ཆ་སྒོར་3500ཡན་ཟིན་གྱི་ཡོད་པ་རེད།
   “འབྲོག་པས་རགས་ལས་ཅན་གྱི་ཕྱུགས་འཚོ་སྟངས་གོམས་ཡོད། ཁོ་ཚོ་དེ་བས་ལེགས་པའི་སྒོ་ནས་དེང་རབས་ཅན་གྱི་འབྲོག་ལས་བླང་བྱ་དང་འཚམ་ཆེད། ང་ཚོས་ཆེད་ལས་ཀྱི་གསོ་སྦྱོང་རབ་དང་རིམ་པ་བཀོད་སྒྲིག་བྱས་ནས་ཁོ་ཚོ་སྔ་ཙམ་ལས་ཀ་གསར་པར་གོམས་རོགས་བྱས་ཡོད། འབྲི་གཡག་དེང་རབས་ཅན་གྱི་གསོ་ཚགས་ལ་བརྟེན་ནས་གླིང་ཁུལ་གྱིས་ཆེད་མངགས་དམིགས་སའི་རང་བཞིན་གྱི་གསོ་སྦྱོང་སློབ་ཚན་རབ་དང་རིམ་པ་བཀོད་སྒྲིག་བྱས་ཡོད”ཅེས་གླིང་ཁུལ་གྱི་འགན་འཁུར་བ་ལི་ཧྥ་ཧྲུའུ་ཡིས་ངོ་སྤྲོད་བྱས།
    རྩལ་ནུས་གསར་པ་སྦྱངས་ནས་གོ་སྐབས་གསར་པར་དམ་འཛིན་བྱས་པ།
    གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་ནས་ལུང་ཤང་དུ“ཕྱིར་གླ་པར་འགྲོ་བ”ས་གནས་དེ་གའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི་གདམ་ག་ཡག་ཤོས་སུ་གྱུར་ཡོད། 2019ལོར་ནས་ལུང་ཤང་གི་ངལ་ནུས་ཕྱིར་གཏོང་ཆེད་ལས་མཉམ་ལས་ཁང་གི་ལོའི་ཡོང་འབབ་སྒོར་ཁྲི་500ལྷག་ཙམ་ཟིན་པ་དང་མི་500ལྷག་ཙམ་བཟོ་པར་ཐོ་འགོད་བྱས།
    ས་བབ་སྨི་4300ལྷག་ཙམ་ཟིན་པའི་ནས་ལུང་ཤང་གི་ས་བབ་མཐོ་བ་དང་། ལམ་ཐག་རིང་བ། འགྲིམ་འགྲུལ་སྟབས་བདེ་མེད་པ། ཐོན་ལས་དར་རྒྱས་མེད་པ་བཅས་ལས་ཡུལ་མི་ཚོས་ཞིང་ལས་བྱས་ནས་འཚོ་བ་སྐྱེལ་ཐབས་བྱེད་ཀྱི་ཡོད་མོད། འོན་ཀྱང་ས་གཤིས་ཞན་པའི་ས་ཆ་དེ་ཕྱུག་འགྱུར་ལམ་བུར་སྐྱོད་ཐབས་དཀའ།
    ནས་ལུང་ཤང་གི་ཞིང་པ་བཀྲ་ཤིས་དོན་གྲུབ་ལོ་བཅུ་གྲངས་གོང་ལ་ཕྱིར་གླ་པར་འགྲོ་མྱོང་ཡོད། སྐབས་དེར་མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ཙམ་ཡིན་པས། བཀྲ་ཤིས་དོན་གྲུབ་དང་ཕ་ཡུལ་གཅིག་པའི་ངག་དབང་བཀྲ་ཤིས་ཀྱིས་མཉམ་དུ་ལྷ་ས་མེ་འཁོར་འབབ་ཚུགས་སུ་འདོན་འཇུག་བཟོ་པ་བྱས།
    འདོན་འཇུག་བཟོ་པས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཀྱང་ཡོང་འབབ་མང་པོ་མེད། གནས་སྐབས་ཤིག་རིང་དེར་ལས་ཀ་བྱས་རྗེས་བཀྲ་ཤིས་དོན་གྲུབ་ལས་ཀ་ནས་དོན་པའི་བསམ་བློ་འཁོར། “ལས་ཀ་དེ་དངོས་གནས་དཀའ་ལས་ཁག་པོ་འདུག དེ་ལས་ཕ་ཡུལ་དུ་ཕྱུགས་འཚོ་བར་ལོག་ན་དགའ”ཡུན་རིང་མ་སོང་བར་བཀྲ་ཤིས་དོན་གྲུབ་མཚོ་བོད་ལྕགས་ལམ་གྱི་འདོན་འཇུག་བཟོ་པའི་ལས་ཀ་ནས་དགོངས་པ་ཞུས་ཏེ་ཕ་ཡུལ་དུ་ལོག་ནས་མུ་མཐུད་ཞིང་པ་བྱས།
   འོན་ཀྱང་ཁོང་དང་མཉམ་དུ་གླ་པར་ཡོང་མཁན་ངག་དབང་བཀྲ་ཤིས་ཀྱིས་མུ་མཐུད་འདོན་འཇུག་བཟོ་པ་བྱས་ནས་ཁོ་པས་མཚོ་བོད་ལྕགས་ལམ་གྱི་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བའི་ཟོག་འགྲེམས་ལས་རིགས་ལས་ཚོང་ལས་ཀྱི་གོ་སྐབས་མཐོང་། 2012ལོར་ངག་དབང་བཀྲ་ཤིས་ཀྱིས་ནས་ལུང་ཤང་དུ་ངལ་ནུས་ཕྱིར་གཏོང་ཆེད་ལས་མཉམ་ལས་ཁང་བཙུགས།
    ངག་དབང་བཀྲ་ཤིས་ཀྱི་འཚོ་བ་ཇེ་ཡག་ཏུ་འགྲོ་བ་མཐོང་སྐབས། བཀྲ་ཤིས་དོན་གྲུབ་ཧང་སངས་ནས་རང་འགུལ་ངང་ངག་དབང་བཀྲ་ཤིས་ལ་སྐད་ཆ་འདྲི་བར་ཡོང་། བཀྲ་ཤིས་དོན་གྲུབ་གསོ་སྦྱོང་ལ་ཞུགས་རྗེས་འདོན་འཇུག་རླངས་འཁོར་གཏང་ཆོག་པའི་ལག་ཁྱེར་རག་ནས་ཆེད་ལས་ཀྱི་འདོན་འཇུག་བཟོ་པ་ཞིག་ཆགས་ཏེ་བཀྲ་ཤིས་དོན་གྲུབ་ཀྱི་ཡོང་འབབ་མང་དུ་ཕྱིན་ནས་ལོ་ཤས་སོང་རྗེས། དབུལ་སྒྲོལ་ཐུབ་སྟེ་རླངས་འཁོར་ཉོས་པ་མ་ཟད། ད་དུང་གསོག་དངུལ་ཡང་བཏོན་ནས་ཟ་ཁང་ཆུང་ཆུང་ཞིག་བཙུགས།
   རྩལ་ནུས་གསར་པ་ཤེས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།
   ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་གནས་སྤོས་བཀོད་སྒྲིག་ཁུལ་དུ་ལོ་34ལ་སླེབས་པའི་སེམས་རྩ་འཁོལ་བའི་བྱམས་སྒྲོལ་གྱིས་ཇ་ཁང་ཆུང་ཆུང་ཞིག་བཙུགས་ཡོད་པ་དེའི་ཚོང་ཧ་ཅང་ཡག་པོ་ཡོད་པ་རེད།
   ལོ་གསུམ་གྱི་གོང་དུ་ཁོང་ད་དུང་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་རྟ་དཀར་གྲོང་ཚོར་ཡོད་པ་དང་ཞིང་པ་ཞིང་རྐྱང་ཡིན་ཞིང་། ཁྱིམ་དུ་ནང་མི་གསུམ་དང་ས་ཞིང་མུའུ་བཞི་ཡོད། དབུལ་པོའི་ཁོངས་སུ་མ་ཚུད་ཀྱང་འཚོ་བ་དེ་ཙམ་ཡག་པོ་མེད།
   ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་ལས་2018ལོའི་ཟླ་བཞི་པར་བྱམས་སྒྲོལ་ནང་ཚང་ཆུ་ཤུར་རྫོང་ནས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དུ་གནས་སྤོས་ཏེ་ཞིང་པ་ནས་གྲོང་མིར་གྱུར། གནས་སྤོས་དུད་ཚང་དེ་དག་དེ་བས་ལེགས་པའི་ལས་ཞུགས་ཐུབ་པར་རོགས་རམ་བྱ་ཆེད། སྣེའུ་ཁུལ་གསར་གྱིས་གསོ་སྦྱོང་རབ་དང་རིམ་པ་བཀོད་སྒྲིག་བྱས། “བདེ་སྲུང་དང་། མ་བྱན། གད་པ་བཅས་དང་ཐ་ན་ཁབ་བསླས་ལག་ཤེས་དང་ཁ་ལོ་བ་གསོ་སྦྱོང་བྱས་པ་རེད། དེར་བཀོད་སྒྲིག་བྱས་པའི་སློབ་ཚན་མང་པོ་དེ་སྔོན་སྦྱོང་མྱོང་མེད”ཅེས་བྱམས་སྒྲོལ་གྱིས་བཤད།
   ངལ་རྩོལ་རྩལ་ནུས་གསོ་སྦྱོང་ལ་ཞུགས་རྗེས་བྱམས་སྒྲོལ་གྱི་ལྟོ་ཆས་བཟོ་བའི་ལག་རྩལ་སྔར་བས་ལེགས་སུ་ཕྱིན་པ་དང་དེ་བས་གལ་འགངས་ཆེ་བ་ཞིག་ལ་སློབ་སྦྱོང་བྱས་རྗེས་ཁོང་གི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
   ས་གནས་དེ་གའི་ལས་བྱེད་པའི་རྒྱབ་སྐྱོར་འོག བྱམས་སྒྲོལ་གྱིས་ཇ་ཁང་ཆུང་ཆུང་ཞིག་བཙུགས། གནས་སྤོས་ཁུལ་གྱི་ཡུལ་མི་ཚོ་རྒྱུན་དུ་བྱམས་སྒྲོལ་གྱི་ཇ་ཁང་དུ་འགྲོ་བ་དང་ཉིན་རེའི་ཚོང་གཉེར་ཡོང་འབབ་སྒོར་ཆིག་སྟོང་ཉིས་སྟོང་རག་གི་ཡོད་པ་རེད།
   ད་ཆ་ཇ་ཁང་གི་ཚོང་ཡག་པས་བྱམས་སྒྲོལ་གྱིས་རླངས་འཁོར་ཉོ་བའི་བསམ་བློ་འཁོར། “ཕྱིས་སུ་ངས་རླངས་འཁོར་བཏང་ནས་དངོས་ཟོག་ཉོ་སྒྲུབ་བྱེད་ཞོར་དུ་ལྷ་སར་སྐོར་བ་རྒྱག་པར་འགྲོ་ཡི་ཡིན”ཞེས་དགའ་སྤྲོའི་ངང་བཤད།