འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་23ཉིན།

༄༅།།རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་པ།

—— གསར་བརྗེའི་ས་བོན་བོད་ལྗོངས་མངའ་རིས་སུ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་23ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ“གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཡག་པོ་གཏོང་བ། གསར་བརྗེའི་ས་བོན་རྒྱུན་འཛིན་ཡག་པོ་བྱེད་པ”བཅས་ཀྱི་འདུ་ཤེས་འཛིན་ནས་ཏང་འཛུགས་སྐྱོང་གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་འདྲེས་ཐུབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ཐོན་ཁུངས་ལ་བརྟེན་པ། “མཐའ་མཚམས་ཏང་འཛུགས་སྐྱོང་གི་གསར་བརྗེའི་བར་ཁྱམས”ཀྱི་འདུ་འགོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གསར་བརྗེའི་མངའ་རིས་ཀྱི་ས་བོན་རྒྱུན་འཛིན་ལ་སློབ་གསོ་ཁྲིད་སྟོན་བྱེད་པ། གཅིག་རྒྱུན་གཅིག་འཛིན་གྱི་སྙིང་སྟོབས་ཁྲོད་ནས་མདུན་སྐྱོད་ཀྱི་སྒུལ་ཤུགས་ལེན་པ་བཅས་བྱས་ནས་ཏང་འཛུགས་སྐྱོང་གི་ལས་དོན་ཁྲོད“གསར་བརྗེའི་སྒུལ་ནུས”རྒྱུན་མཐུད་བསྣན་པ་དང་ཏང་འཛུགས་སྐྱོང་གི་སྒུལ་ཤུགས་གསར་པ་ཟམ་མི་ཆད་པར་འཕེལ་བ་བྱས་ཡོད།
    “དེ་སྔ་འདི་ག་ནི་སློབ་ཆུང་ཞིག་ཡིན། སྐབས་དེ་དུས་ང་འདི་གར་ལས་ཀ་བྱེད་ཀྱི་ཡོད”མངའ་རིས་ས་ཁུལ་དགེ་རྒྱས་རྫོང་གྲོང་གི་ནུབ་ཕྱོགས་སུ་གནས་པའི་ཐད་གཏོགས་མཛོད་ཁང་གསར་བརྗེའི་རྒྱལ་གཅེས་རིང་ལུགས་སློབ་གསོ་རྟེན་གཞིའི་དོ་དམ་པ་དང་འོས་འགན་འགྲེལ་བཤད་རྒྱག་མཁན་ནི་སྤྱི་མཐུན་རྒྱལ་ཁབ་དང་ལོ་མཉམ་ཡིན་པའི་བགྲེས་སོང་འགྱུར་མེད་ཡིན་པ་དང་། ཁོང་གིས་རྒྱ་སྐད་ཐོག་ནས་ལྟ་སྐོར་དུ་ཡོང་མཁན་གྱི་ལས་བྱེད་པར་དེ་ལྟར་འགྲེལ་བཤད་རྒྱག་བཞིན་ཡོད།
    ཐད་གཏོགས་མཛོད་ཁང་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་འགྲེམས་ཁང་མང་པོ་བཙུགས་ཡོད་པ་དང་གསར་དུ་བསྐྲུན་པའི་གསར་བརྗེའི་འགྲེམས་ཁང་དུ་པར་རིས་རྙིང་པ་114དང་། གསར་བརྗེའི་ཚད་ལྡན་ཡིག་ཆ་53 དཔའ་བོའི་མཛད་རྗེས་ཀྱི་རྩོམ་ཡིག་12 རྟེན་རྫས་1052བཅས་སྒྲིག་གཤོམ་བྱས་ཡོད། དེ་དག་ཁྲོད་ལས་འགྲེམས་སྟོན་སྒམ་ཞིག་ནང་ཡོད་པའི་དངོས་རྫས་ཚང་མ་ནི་བགྲེས་སོང་འགྱུར་མེད་ཀྱིས་རང་འགུལ་ངང་ཞལ་འདེབས་བརྒྱབ་པ་ཞིག་རེད། འདི་ནི་མངའ་རིས་ཀྱིས་ནུས་ཤུགས་ཡོད་རྒུས་བསྐྲུན་པའི་ཏང་གཤིས་ཉམས་ལེན་དང་། ཆབ་སྲིད་སློབ་གསོ། སོས་དལ་རིག་གནས། ཏང་འཛུགས་སྐྱོང་སྤེལ་རེས། གསར་བརྗེའི་ཁྱབ་སྤེལ་བཅས་ཀྱི་བྱེད་ནུས་གཞི་གཅིག་ཏུ་བསྡུས་པའི་གསར་བརྗེའི་སློབ་གསོའི་རྟེན་གཞི་ཡིན་ལ། མངའ་རིས་ས་མཐོའི་གསར་བརྗེའི་དྲན་ཤེས་རྩ་ཆེན་ཞིག་ཀྱང་རེད།
   ཐད་གཏོགས་མཛོད་ཁང་གི་རྒྱལ་སྒོའི་འགྲམ་དུ་བགྲེས་སོང་འགྱུར་མེད་ཀྱིས་དགེ་རྒྱས་རྫོང་གྲོང་དུ་མཛུབ་མོ་བཙུགས་ཏེ“ཐོག་མའི‘རྟ་ཐོག་གི་ཏང་ཨུད’དང‘སྦྲ་གུར་ནང་གི་སྲིད་གཞུང’ད་ཆ་འཁྲུག་ཆ་དོད་པའི་འབྱོར་འབྲིང་རྫོང་གྲོང་ཞིག་ཏུ་གྱུར་རུང་། གསར་བརྗེའི་ལོ་རྒྱུས་གཏན་ནས་བརྗེད་མེད”ཅེས་བརྗོད།
    གསར་བརྗེའི་སྙིང་སྟོབས་ཀྱི་ཞིང་ས་གཤིན་པོའི་མངའ་རིས་སུ་ལོ་རྒྱུས་ཀྱི་འཕེལ་རིམ་རིང་པོའི་ཁྲོད་ཁྱད་དུ་འཕགས་པའི་སྙིང་སྟོབས་དང་རིག་གནས་ཟམ་མི་ཆད་པར་བཏོད་ཡོད། དཔེར་ན། “སྔོན་སྐྱོད་ལེན་གྱི་སྙིང་སྟོབས”དང་། “ཁུང་ཧྥན་སེན་གྱི་སྙིང་སྟོབས”“མངའ་རིས་ཀྱི་སྙིང་སྟོབས”སོགས་སོ། དེ་དག་ལས་མངའ་རིས་ཤར་རྒྱུད་དུ་གནས་པའི་ཤན་ཆེན་ཤང་བྲག་ཕུག་གྲོང་ཚོའི་སྔོན་སྐྱོད་ལེན་གྱི་གནའ་ཤུལ་ནི་གསར་བརྗེའི་སྙིང་སྟོབས་སྐྱེད་སྲིང་བྱེད་ས་གཙོ་བོ་ཞིག་ཡིན་པ་མ་ཟད། མངའ་རིས་ཀྱི་བྱང་སྐོར་ལམ་ཐིག་ཆེ་མོའི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་གི་འགག་གནད་ཀྱང་རེད།
   སླར་ཡང་ཤན་ཆེན་ཤང་དུ་སླེབས་དུས། རི་འདབས་ཀྱི་འཐབ་རགས་ཉམས་གསོ་བྱས་ཟིན་འདུག “ད་ལོ་ང་ཚོས་རྫོང་རིག་གནས་ཡུལ་སྐོར་ཅུས་དང་མཉམ་ལས་བྱས་ནས‘སྔོན་སྐྱོད་ལམ་བུར་བསྐྱར་དུ་བསྐྱོད་དེ་མངའ་རིས་སྙིང་སྟོབས་དར་སྤེལ་གཏོང’ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བས་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཡག་པོ་བྱུང་སོང”ཞེས་ཤན་ཆེན་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཤིས་པིན་གྱིས་བརྗོད།
   ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་སྤུས་རྟགས་ཀྱི་ཁྱབ་འགྱེད་ནུས་པ་དང་གསར་བརྗེའི་ཡུལ་སྐོར་ཟབ་སྤེལ་གཉིས་ཟུང་འབྲེལ་དམ་ཟབ་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ། གསར་བརྗེའི་ཐོན་ཁུངས་དེ་ཉིད་སྤུས་ལེགས་ཀྱི་ཐོན་ལས་ཐོན་ཁུངས་སུ་འགྱུར་བ་དང་གསར་བརྗེའི་ནང་སྐྱེས་སྒུལ་ཤུགས་འཕེལ་རྒྱས་ཀྱི་ནུས་ཤུཌ་སུ་འགྱུར་བ་བྱས་ནས་ས་ཁུལ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་དམིགས་བསལ་གྱི་ཐོན་ལས་འབོར་ཆེན་གསོ་སྐྱོང་བྱས་ཡོད་པ་རེད།