འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་23ཉིན།

༄༅༎མཚོ་སྔོན་གྱིས་གསར་གཏོད་རྣམ་པའི་ཞིང་ཆེན་བསྐྲུན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་22ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     “ལོ་ལྔ་ཚན་བཅུ་གསུམ་པའི”མཇུག་བསྡུའི་འཚམས་སུ། མཚོ་སྔོན་གྱིས་སྤྱི་ཚོགས་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གསར་གཏོད་དང་འཕེལ་རྒྱས་ཁྲོད་གཅིག་སྒྲིལ་བྱས་ཏེ། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། ཚན་རྩལ་གསར་གཏོད་ལ་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་པ། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་པའི་ནང་ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་པས། ཚན་རྩལ་གསར་གཏོད་ཀྱི་གཏིང་ཤུགས་འདོན་སྤེལ་གང་ལེགས་ཐུབ་ཡོད། ཚན་རྩལ་ཡར་ཐོན་བྱུང་ནས་ལེགས་སྐྱེས་འབུལ་ཚད་སྔོན་དཔག་ལྟར་ན་54%ཟིན་པ་དང་། གསར་གཏོད་རྣམ་པའི་ཞིང་ཆེན་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་གལ་ཆེན་ཐོབ་སྟེ། “སྤུས་ལེགས་གཅིག་དང་རིམ་མཐོ་གཉིས”ཀྱི་འཐབ་ཇུས་ལག་བསྟར་དང་། “ལྔ་ལྡན་དཔེ་སྟོན་ཞིང་ཆེན”འཛུགས་སྐྲུན། “དཔལ་འབྱོར་རྣམ་པ་རིགས་བཞི”སྐྱེད་སྲིང་བཅས་ཀྱི་ཆེད་དུ་ཚན་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
     སྒྲིག་སྲོལ་གྱི་བཀག་རྒྱ་མེད་པ་བཟོས་པ་དང་འཕེལ་རྒྱས་ཀྱི་དཀའ་གནད་བསལ་བ།
     གསར་གཏོད་རྣམ་པའི་ཞིང་ཆེན་བསྐྲུན་པར་གསར་གཏོད་ལ་འགོག་རྐྱེན་བཟོ་བའི་ཚན་རྩལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་ཡོད་ཚད་བསྒྱུར་དགོས།
     2019ལོར། མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་གསར་གཏོད་དང་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་གྲི་དངོ་རང་གཏད་ཀྱིས་རང་ངོས་གསར་བརྗེ་བྱས་པས། གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་དོ་དམ་སྡེ་ཚན་ལ་བཏོན་གནང་བའི“འཐབ་ཇུས་དང་། འཆར་འགོད། སྲིད་ཇུས། ཞབས་ཞུ་བཅས་ལ་དམ་འཛིན་བྱེད་དགོས་པའི”སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཚན་རྩལ་གསར་གཏོད་དང་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་གཞོལ་བ་དང་། སྲིད་འཛིན་གྱི་འགན་ནུས་གང་མགྱོགས་གཞན་སྒྱུར་བྱེད་པ། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཡོད།
     མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”ཚན་རྩལ་གསར་གཏོད་ཀྱི་འཆར་འགོད་བཟོ་འགོ་བརྩམས་ནས། ཞིབ་འཇུག་ཆེད་དོན་16བཙུགས་པ་དང་། མིག་སྔར་ཆེད་དོན་དུས་འགོའི་ཞིབ་འཇུག་སྙན་ཞུ་12གྲུབ་ཡོད། 《རྣམ་གྲངས་དཔྱད་ཞིབ་དང་། ཤེས་ལྡན་མི་སྣའི་གདེང་འཇོག སྒྲིག་གཞིའི་དཔྱད་དཔོག་བཅས་སྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི》དང《ཁག་གཉིས་པའི་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྒྱུར་བཅོས་བྱ་ཐབས་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་ལས་དོན་ཇུས་གཞི》སོགས་གསར་གཏོད་སྲིད་ཇུས་རབ་དང་རིམ་པ་བཟོས་ནས་བཏོན་པ་དང་། “སྲིད་ཇུས་དོན་འཁྱོལ་ལོ”དང་ཟུང་འབྲེལ་བྱས་ཏེ་དུས་བཀག་ལྟར་ལྟ་སྐུལ་ཞིབ་བཤེར་བྱས་པས། ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད། ཚན་རྩལ་ཁྱབ་ཁོངས་ཀྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་རྒྱུན་མཐུད་བྱེད་ཟབ་ཏུ་བཏང་བས། “གོང་ནས་འོག་བར་དང་གོང་འོག་ཟུང་འབྲེལ”གྱི་རྣམ་གྲངས་གྲུབ་པའི་ལམ་སྲོལ་ཆགས་པ་དང་། རྣམ་གྲངས་ལོ་ལྟར་འདུན་ཞུ་དང་། ཁག་བགོས་བདག་སྤྲོད། གཅིག་སྡུད་ཞིབ་དཔྱད་ཀྱིས་རྣམ་གྲངས་ཐོ་འགོད་བཅས་མངོན་འགྱུར་བྱུང་བ་དང་། ལོ་དེ་རང་དུ་འགྲོ་ལུགས་གཉེར་རྒྱུ་སྟབས་བདེ་རུ་ཐེངས་གཉིས་བཏང་བས་བཞི་ཆ་གཅིག་ལ་ཉེ་བའི་ཚན་ཞིབ་རྣམ་གྲངས་དོ་དམ་གྱི་གོ་རིམ་སྟབས་བདེ་རུ་ཕྱིན་པ། རྣམ་གྲངས་འདུན་ཞུ་བྱེད་ཚད་དང་ཞིབ་བཤེར་བྱེད་ཚད་དུས་མཚུངས་ལས་50%ཡན་མཐོ་རུ་ཕྱིན་ཡོད་པ་རེད།
     རྨང་གཞིའི་ཞིབ་འཇུག་གི་རྩེ་རིམ་ཇུས་འགོད་ལེགས་སུ་བཏང་ནས། 《རྨང་གཞིའི་ཚན་རིག་ཞིབ་འཇུག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》གཏན་འབེབས་བྱས་ནས་བཏོན་ཡོད། 《རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ས་ཁོངས་གསར་གཏོད་འཕེལ་རྒྱས་ཀྱི་མཉམ་འབྲེལ་ཐེབས་རྩར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཞུགས་པའི་གྲོས་མཐུན་ཡི་གེར》མིང་རྟགས་འགོད་རྒྱུར་སྐུལ་འདེད་བཏང་བ་དང་། ལོ་ལྔའི་རིང་རོགས་དངུལ་སྒོར་དུང་ཕྱུར་2བཏང་ནས་རང་ཞིང་ཆེན་གྱི་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་དང་ས་མཐོའི་སྣོད་བཅུད་ཁྱབ་ཁོངས་ཀྱི་རྨང་གཞིའི་ཞིབ་འཇུག་ལས་དོན་ལ་རྒྱབ་སྐྱོར་བྱེད་རྩིས་ཡོད་པ་རེད། ལེང་ཧུའུ་ལས་སྟེགས་ཀྱི་ལྟ་ཞིབ་ཚད་ལེན་དང་དུས་ཁོངས་གནམ་དཔྱད་སྔོན་ཁྲིད་ཚན་རིག་ཞིབ་འཇུག་གི་ཆེད་དམིགས་རྣམ་གྲངས་གལ་ཆེན་སྤེལ་འགོ་བཙུགས་ནས་ཚན་རིག་གི་སྒྲིག་བཀོད་ཆེན་པོ་མཚོ་སྔོན་དུ་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད།
     འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་དང་འཕེལ་རྒྱས་ཀྱི་ལེགས་ཆ་ཆེ་རུ་བཏང་བ།
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། ཚན་རྩལ་ལ་བརྟེན་ནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ་རེད། འདི་ནི་མིག་མཐོང་ལག་ཟིན་ཐུབ་པའི་གྲུབ་འབྲས་ཁག་གཅིག་ཡིན་པ་སྟེ། ནུས་རྒྱུ་གསར་པའི་ཁྱབ་ཁོངས་སུ་ལོ་ལྔའི་རིང་མཚོ་སྔོན་ཞིང་ཆེན་འོད་ཤུགས་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་བསྐྲུན་པ་དང་། ནུས་རྒྱུ་མང་བའི་གློག་ཤུགས་མ་ལག་གི་གསབ་རེས་མཐུན་སྦྱོར་བཀོད་གཏོང་དང་ཚོད་འཛིན་ལག་རྩལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་གློག་གཏོང་ཚད་དང་བསྡུ་ཉར་ནུས་པ་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད། ཚྭ་མཚེའུ་རྫས་འགྱུར་བཟོ་ལས་ཁྱབ་ཁོངས་སུ། ལོ་རེར་ཆུ་མེད་ཁིལ་ལིས་རྫས་ཏུན་5000ཐོན་སྐྱེད་དང་། ལྕགས་རིགས་ལིས་ཏུན་1000གི་ཐོན་ལས་ཅན་གྱི་དཔེ་སྟོན་ཐོན་སྐྱེད་སྒྲུབ་རིམ་བསྐྲུན་ནས་མཚོ་སྔོན་དུ་ཐོན་སྐྱེད་སྒྲུབ་རིམ་འདི་རིགས་མེད་པའི་སྟོང་ཆ་བསྐངས་པ་མ་ཟད། ལྕགས་རིགས་ལིས་ཀྱི་ཐོན་ནུས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རྒྱུ་ཆ་གསར་པའི་ཁྱབ་ཁོངས་སུ་ལྕགས་རིགས་མཱེ་ཏུན་ཁྲི་10ཡི་ཚོད་ལྟའི་ཐོན་སྐྱེད་ཀྱི་འགག་རྩའི་བཟོ་རྩལ་ལག་རྩལ་གྱི་དཀའ་གནད་ལས་སྒྲོལ་ཡོད།
     སྐྱེ་དངོས་སྨན་རྫས་ཁྱབ་ཁོངས་སུ། “མཚོ་བོད་ས་མཐོའི་སྐྱེ་དངོས་ཚན་རྩལ་འདུས་གྲུབ་གསར་གཏོད་ལྟེ་གནས”བསྐྲུན་པ་དང་། དབྱར་རྩྭ་དགུན་འབུའི་གཞི་རྒྱུའི་ཐོན་ཁུངས་གྲངས་གཞིའི་མཛོད་ཀྱི་དྲ་རྒྱའི་མཉམ་སྤྱོད་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་བཏང་བ། དབྱར་རྩྭ་དགུན་འབུ་དང་། གླ་ཚེར། འདྲེ་ཚེར་མ་སོགས་ཁྱད་ལྡན་ཐོན་ཁུངས་ལས་སྣོན་ཞིབ་ཚགས་ལ་རྒྱབ་སྐྱོར་བྱས་པ། འདྲ་བཟོས་སྨན་ཧྥེ་ནུ་པེ་སོན་དང་བོད་སྨན་ཏིག་ཏ་ཞིབ་འཇུག་གསར་སྤེལ་བྱས་ནས་ནད་ཐོག་སྨན་བཅོས་མ་བྱས་གོང་གི་ཞིབ་འཇུག་ལས་དོན་བདེ་བླག་ངང་སྤེལ་བ་རེད། ཁྱད་ལྡན་ཞིང་འབྲོག་ལས་ཁྱབ་ཁོངས་སུ་གཙང་གསུམ་ཆུ་འགོའི་རིག་ལྡན་སྣོད་བཅུད་འབྲོག་ལས་ལས་སྟེགས་བསྐྲུན་ནས་ཚད་ལྡན་ཅན་གྱི་རིག་ལྡན་སྣོད་བཅུད་འབྲོག་ལས་ཀྱི་གྲངས་གཞིའི་མཛོད་ཅིག་ཆགས་པར་བྱས་ཡོད། ཚན་རྩལ་ལ་བརྟེན་ནས་རྫས་ལུད་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་གི་ཆེད་དོན་དམིགས་ཚད་མངོན་འགྱུར་ཡོང་བར་འདེགས་སྐྱོར་བྱས་ཡོད་པ་རེད།
     རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁོངས་ཀྱི་ཐོག་མའི་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། མཚོ་སྔོན་གྱི་དགེ་མཚན་ལྡན་པའི་རིག་ཚན་ཁྱབ་ཁོངས་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ། མཚོ་སྔོན་གྱིས་རྨང་གཞིའི་ཞིབ་འཇུག་རྣམ་གྲངས་སྒྲིག་འཛུགས་དང་ལག་བསྟར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་2019ལོའི་རྨང་གཞིའི་ཞིབ་འཇུག་འཆར་གཞིའི་རྣམ་གྲངས་201ཐོ་འགོད་བྱས་པ་དང་དེར་བསྡོམས་མ་དངུལ་སྒོར་ཁྲི་6500ཙམ་རོགས་སྐྱོར་བྱས་པ་དང་། ཚན་རྩལ་རྨང་གཞིའི་ཆ་རྐྱེན་གྱི་ལས་སྟེགས་རྣམ་གྲངས་8ཐོ་འགོད་བྱས་པར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་2000རོགས་སྐྱོར་བྱས་ཡོད།
     སྣོད་བཅུད་སྲུང་སྐྱོང་གཙོ་བོར་འཛིན་པ་དང་ཚན་རྩལ་གྲུབ་འབྲས་ཀྱིས་དམངས་འཚོར་ཕན་པ་རྒྱུན་འཁྱོངས་ཐོབ་པ།
     2016ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས“མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དང་འགན་འཁྲི་ཆེ་ཤོས་སྣོད་བཅུད་ལ་ཐུག་པ་དང་། མི་མངོན་པའི་གཏིང་ཤུགས་ཆེ་ཤོས་ཀྱང་སྣོད་བཅུད་ལ་ཐུག་ཡོད”ཅེས་ནན་བཤད་གནང་ཡོད། རི་ཆུ་ཀླུང་གསུམ་དང་ས་གཙང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། མིག་འབྲས་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་རྒྱུ་དེ་མཚོ་སྔོན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དང་གསོན་ཉམས་ལྡན་པའི་ལག་ལེན་དུ་གྱུར་ཡོད། མཚོ་སྔོན་གྱི་སྣོད་བཅུད་ལ་ཚན་རིག་ཞིབ་འཇུག་དང་དོ་དམ་སྲུང་སྐྱོང་ནུས་ལྡན་ཇི་ལྟར་བྱེད་རྒྱུ་ནི་མཚོ་སྔོན་གྱིས་ངེས་པར་དུ་སྒྲུབ་དགོས་པའི་དོན་ཆེན་ཞིག་རེད།
     2019ལོར་མཚོ་སྔོན་གྱིས“ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་ལ་གཞི་ཚུགས་ནས“མཚོ་སྔོན་གྱི་སྣོད་བཅུད་ཁོར་ཡུག་གི་རིན་ཐང་དཔྱད་དཔོག་དང་དེ་བཞིན་སྣོད་བཅུད་ཆེན་པོའི་ཐོན་ལས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཞིབ་འཇུག”ལས་དོན་སྤེལ་ཞིང་། ཀྲུང་དབྱང་གི་སྔོན་རྩིས་མ་དངུལ་སྒོར་ཁྲི་3460ཡི་རོགས་དངུལ་རེ་ཞུ་བྱས་ཏེ་གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོ་སོགས་གཙོ་གནད་སྣོད་བཅུད་བྱེད་ནུས་ཁུལ་ལ་ཕྱོགས་ནས་སྣོད་བཅུད་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ཚན་རྩལ་རྣམ་གྲངས་རབ་དང་རིམ་པ་སྒྲིག་འཛུགས་དང་ལག་བསྟར་བྱས་ཡོད། རྐྱང་ཆུའི་ཆུ་འགོ་ཁུལ་གྱི་སྣོད་བཅུད་དང་ཐོན་སྐྱེད་བྱེད་ནུས་ལེགས་སྒྱུར་དང་རྒྱུན་མཐུད་བེད་སྤྱོད་ཐུབ་པའི་འགག་རྩའི་ལག་རྩལ་བཏོན་ནས་མདོ་ལ་རིང་མོ་ས་ཁུལ་གྱི་སྣོད་བཅུད་ཐོན་སྐྱེད་གཉིས་ཁེའི་རྣམ་པ་བཏོད་པ་དང་ཆབས་ཅིག ཀྲུང་གོ་ཚན་རིག་ཁང་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་གི་འཕེལ་རྒྱས་འཆར་འགོད་ལེགས་གྲུབ་བྱུང་བ་དང་། སྐར་མ་དང་། བར་སྣང་། ས་ཆ་བཅས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་མ་ལག་རགས་ཙམ་བཙུགས་ཡོད།
     ལོ་དེར་ས་མཐོའི་མཚོ་སྔོན་གྱིས་ཚན་རྩལ་དབུལ་སྐྱོར་བྱ་སྤྱོད་སྤེལ་ནས་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལས་དམངས་འཚོར་རྒྱུན་ཆད་མེད་པར་ཕན་པ་ཐོབ་པ་བྱས་ཤིང་། ལོ་ཧྲིལ་པོར་ཚན་རྩལ་དབུལ་སྐྱོར་ཐོན་ལས་ཅན་གྱི་རྣམ་གྲངས་19ལག་བསྟར་བྱས་པར་རོགས་དངུལ་སྒོར་ཁྲི་3980བཏང་ཡོད། ཚན་རྩལ་དབུལ་སྐྱོར་གྱི“བྱ་སྤྱོད་ཆེན་པོ་བཞིར”སྐུལ་འདེད་གཏིང་ཟབ་བཏང་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་2.39བཏང་ནས་གཞོང་ཐང་ཚན་རྩལ་དབུལ་སྐྱོར་དཔེ་སྟོན་ལྟེ་བའི་ཁུལ་ནས་མཚོ་ཤར་ཚན་རྩལ་དབུལ་སྐྱོར་དཔེ་སྟོན་གཙོ་གནད་ཁུལ་བར་དང་དེ་ནས་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་དབུལ་སྐྱོར་དཔེ་སྟོན་ཁྱབ་འགྱེད་ཁུལ་བར་གྱི་དབུལ་སྐྱོར་ལག་རྩལ་ཐབས་ལམ་བཏོད་དེ《མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་དབུལ་སྐྱོར་ཆེད་དོན་ཇུས་གཞིའི》ནང་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ལེགས་གྲུབ་ཡག་པོ་བྱུང་ཡོད།