འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་23ཉིན།

༄༅༎བོད་ལྗོངས་ཉིང་ཁྲིར་བི་ཤུའི་འགྲན་བསྡུར་གཉེར་ནས་ལོ་གསར་གཏོང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་21ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། བོད་ཟླ་བཅུ་པའི་ཚེས་གཅིག་ཉིན(སྤྱི་ཟླ་11ཚེས་16ཉིན)ནི་བོད་ཀྱི་ལོ་གསར་སྔ་ཤོས་ཏེ། ཀོང་པོའི་ལོ་གསར་རེད། ཚེས་19ཉིན་གྱི་སྔ་དྲོར། 2020ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་རོལ་ལུས་རྩལ་འདུ་ཚོགས་སྐབས་བདུན་པའི་ཉིང་ཁྲིའི་བི་ཤུ་འགྲན་བསྡུར་ཉིང་ཁྲི་གྲོང་ཁྱེར་དུ་གཉེར་བ་རེད།
     ཀོང་པོའི་བི་ཤུ་ནི་བོད་ལྗོངས་ཉིང་ཁྲིའི་དམིགས་བསལ་གྱི་དམངས་ཁྲོད་ལུས་རྩལ་རྣམ་གྲངས་ཤིག་ཡིན་ཞིང་། ད་བར་ལོ་1500ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་པས་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པའི་མིང་གཞུང་དུ་བཅུག་ཡོད། འགྲན་བསྡུར་བྱ་ཡུལ་དུ་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་ཁག་གི་ཞིང་འབྲོག་མང་ཚོགས་དང་ལས་ཁུངས་ཀྱི་ལས་བྱེད་པ་ལས་གྲུབ་པའི་འགྲན་ཞུགས་རུ་ཁག་15དང་མདའ་གཞས་རུ་ཁག་8ཀྱི་བི་ཤུར་དགའ་པོ་ཡོད་པའི་མི་260ལྷག་ཙམ་འཛོམས་ནས་འགྲན་བསྡུར་འཁྲུག་པོ་བྱས་པ་རེད།
     ཉིང་ཁྲི་གྲོང་ཁྱེར་བི་ཤུ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་པ་ལུས། བི་ཤུ་འགྲན་བསྡུར་སྤྱིར་མང་ཚོགས་ཚོས་ཀོང་པོའི་ལོ་གསར་རམ་ཡང་ན་ཞིང་དལ་དུས་སུ་རང་འགུལ་ངང་སྒྲིག་འཛུགས་བྱས་ནས་སྤེལ་བའི་ལུས་རྩལ་བྱེད་སྒོ་ཞིག་རེད། འགྲན་བསྡུར་མ་བྱས་གོང་། མདའ་པ་དང་མདའ་གཞས་རུ་ཁག་གིས་མཉམ་དུ་ངར་ཤུགས་སློང་བའི་མདའ་གཞས་ལེན་པ་དང་སྦྲགས། “ཀོང་པོའི་མདའ་གཞས”འཁྲབ་ཀྱི་ཡོད། མདའ་པས་མདའ་མིག་ལ་མདའ་འཁེལ་ན་རུ་མི་གཅིག་པ་དང་མཉམ་དུ་དགའ་འབོད་རྟེན་འབྲེལ་བྱས་ནས་ཕན་ཚུན་སྐུལ་ལྕག་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ལས་དོན་མི་སྣས་གཡོགས་པའི་ཁ་བཏགས་ལེན་པ་དང་བཀྱགས་པའི་ཆང་རག་འཐུང་གི་ཡོད་ཅེས་ངོ་སྤྲོད་བྱས།
     ལོ་54ལ་སླེབས་པའི་དར་པ་ནི་ལྷོ་པ་རིགས་ཀྱི་མདའ་པ་སྐྱེན་པོ་ཞིག་ཡིན་ལ། སྨན་གླིང་རྫོང་ལྷོ་པ་རུ་ཁག་གི་རུ་སྣེ་འཁྲིད་མཁན་ཡང་ཡིན་ཞིང་། ཁོང་གིས“ང་ཚོའི་མེས་པོ་རྣམས་ཚང་ཚིང་ནགས་ཁྲོད་དུ་རྔོན་བརྒྱབ་ནས་འཚོ་བ་སྐྱེལ་གྱི་ཡོད། དེ་སྔ‘ལྷོ་པ་རིགས་ཀྱི་ཟས་སྡོད་ཚང་མ་མདའ་ལ་རྟེན་དགོས’ཞེས་པའི་ཤོད་སྲོལ་ཡོད། ད་ཆ་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་མོད། འོན་ཀྱང་མདའ་འཕེན་རྩལ་སྔར་བཞིན་རྒྱུན་འཛིན་ཐུབ་ཡོད”ཅེས་བརྗོད་པ་དང་། ཁོང་གིས། ན་ནིང་གི་འགྲན་བསྡུར་ལ་སྨན་གླིང་རྫོང་ལྷོ་པ་རུ་ཁག་ལ་ཚོགས་པའི་ཨང་དང་པོ་ཐོབ་པས། འདི་ལོའི་འགྲན་བསྡུར་ལའང་གྲུབ་འབྲས་བཟང་པོ་འཐོབ་པའི་རེ་བ་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
     པ་ལུས“ཀོང་པོའི་མདའ་གཞས”ལ་རོལ་རྩེད་དང་རྩལ་འགྲན་གཞི་གཅིག་ཏུ་འདུས་ཡོད་པས། བོད་རང་སྐྱོང་ལྗོངས་ཀྱི་གྲངས་ཉུང་མི་རིགས་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ཤིག་ཡིན་པ་དང་། མིག་སྔར་ཉིང་ཁྲི་གྲོང་ཁྱེར་དུ་འགྲན་བསྡུར་དེར་ཞུགས་མཁན་ཁྲི་3ལྷག་ཙམ་ཡོད་ཅེས་བཤད།