འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་23ཉིན།

༄༅༎བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས“ཀྲུང་ཧྭའི་སྲོལ་རྒྱུན་གྱི་དཔེ་དེབ་འོས་སྦྱོར་བྱེད་སྒོ”སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་21ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བར་གནས་ཚུལ་སྤེལ་བ་ལྟར་ན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་གྱི་རིག་གནས་དར་སྤེལ་བཏང་ནས་བོད་ཀྱི་དཔེ་རྙིང་སྲུང་སྐྱོང་གི་གྲུབ་འབྲས་གང་ལེགས་མངོན་པར་བྱས་ཏེ། ཀློག་པ་པོ་སྔར་བས་མང་བ་དཔེ་རྙིང་སྲུང་སྐྱོང་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བར་བློ་ཁ་འགུགས་ཆེད། ཉེ་ཆར“གསུང་རབ་བརྒྱུད་སྦྱོང་དང་གནའ་དེང་གི་བློ་གྲོས་མཉམ་འདྲེས”བརྗོད་དོན་གཙོ་བོའི“ཀྲུང་ཧྭའི་སྲོལ་རྒྱུན་གྱི་དཔེ་དེབ་འོས་སྦྱོར་བྱེད་སྒོ”བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་སྤེལ་བ་རེད།
     ཉིན་དེའི་བྱེད་སྒོར། “དཔེ་དེབ་འོས་སྦྱོར”བརྗོད་དོན་གཙོ་བོར་བྱས་པའི་རིཌ་གཅིག་མཁས་ཅན་གྱི་འཆད་ཁྲིད་དང་། ལྗོངས་ཡོངས་ཀྱི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་སྲུང་སྐྱོང་གི་བརྙན་པར་འགྲེམས་སྟོན། བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཚགས་ས་གནས་ས་ཐོག་ཏུ་ཉམས་བཟོའི་ལག་རྩལ་སྟོན་པ་དང་ལྗོངས་ཡོངས་ཀྱི་རྡོ་རིང་ཡི་གེ་དང་རྡོ་བརྐོས་པར་བཤུས་འགྲེམས་སྟོན་སོགས་ཚུད་ཡོད། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཀོན་ཀྲང་ཚེ་བརྟན་བུ་ཁྲིད་ཀྱིས“གཅེས་ནོར་སྤྱན་བསྟར”ཞུས་པ་དང་འབྲེལ། དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་འབྲེལ་ཡོད་ཀྱི་དཔེ་རྙིང་རྩ་ཆེན་ངོ་སྤྲོད་ཀྱང་བྱས་པ་རེད།
     བྱེད་སྒོ་སྤེལ་ཡུལ་དུ། བོད་རང་སྐྱོང་ལྗོངས་དཔེ་རྙིང་རིགས་གཅིག་མཁས་ཅན་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོང་ལྟེ་གནས་ཀྱི་ཞིབ་འཇུག་པ་པེ་ཀྲང་གིས་ཉིན་དེའི“དཔེ་དེབ་འོས་སྦྱོར”ཏེ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་གཅེས་ནོར་ཡོན་རྒྱལ་རབས་སྐབས་པར་དུ་བརྐོས་པའི་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཚད་མ་རིག་པའི་བསྟན་བཅོས《རིགས་གཏེར》ངོ་སྤྲོད་ཞུ་བ་ནས་འགོ་བརྩམས་ཏེ། བོད་ཀྱི་དཔེ་རྙིང་ཚད་ལྡན་ཡིག་ཆ་རིག་པའི་ཐད་ནས《རིགས་གཏེར》གྱི་དཔེ་ཆའི་རྒྱ་ཆེ་ཆུང་དང་། དེབ་ཚད། ཡིག་གཟུགས། ཤོག་ངོས་ཀྱི་རི་མོ་སོགས་ཚད་ལྡན་ཡིག་ཆའི་ཁྱད་ཆོས་ངོ་སྤྲོད་ཞིབ་ཕྲ་བྱས་པ་མ་ཟད། དཔེ་རྙིང་དེའི་རྩོམ་པ་པོ་དང་དུས་ཚོད་སོགས་ཀྱི་ཆ་འཕྲིན་ནས་མི་རིགས་མཐུན་སྒྲིལ་དང་། རྒྱ་བོད་དབར་གྱི་སྤེལ་རེས་དང་། མཉམ་འདྲེས། འགྲོ་འོང་བཅས་ཀྱི་གཏམ་རྒྱུད་ཞིབ་པར་གླེང་ནས་ཀློག་པ་པོར་དཔེ་རྙིང་ལ་ཉེ་བར་ལྟ་བའི་ཐོག་ནས་དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་ཤེས་རབ་ཚོར་ཐུབ་པ་བྱས་པ་རེད།
     བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཀོན་ཀྲང་གཞོན་པ་སྤེན་པས་2020ལོར་ལྗོངས་དཔེ་མཛོད་ཁང་གིས“ཀྲུང་ཧྭའི་སྲོལ་རྒྱུན་གྱི་དཔེ་དེབ་འོས་སྦྱོར་བྱེད་སྒོའི”བརྗོད་དོན་གཙོ་བོར་དམིགས་ནས་བསམ་ཕྱོགས་གསར་གཏོད་དང་སྨྱན་སྦྱོར་གསར་པ་བེད་སྤྱད་ནས་གོ་རིམ་ལྡན་པའི་ངང“མཆོག་ནོར་འོས་སྦྱོར”དང་། “གསུང་རབ་འོས་སྦྱོར” “ལག་རྩལ་འོས་སྦྱོར” “སྲོལ་རྒྱུན་འོས་སྦྱོར”གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། འཆད་ཁྲིད་དང་དཔེ་རྙིང་ཉམས་བཟོའི་ལག་རྩལ་སྟོན་པ་སོགས་ཀྱི་རྣམ་པ་ནས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་སྔར་བས་ཁྱབ་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས།