འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་20ཉིན།

༄༅།།ཀྲུང་གོའི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྱུར་བཅོས་
ལ་དྲང་གཞག་མངོན་པ་དང་། འདྲ་མཉམ་མཐའ་འཁྱོངས། ཐུན་མོང་གི་ངོས་འཛིན་གཞིར་
འཛིན་པ་བཅས་བྱེད་དགོས་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་20ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྐབས་75པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐོག་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྱུར་བཅོས་ཀྱི་གནད་དོན་ལ་འཆར་ཅན་གྱི་གྲོས་ཞིབ་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་ཚོགས་འདུའི་ཐོག་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྱུར་བཅོས་ལ་དྲང་གཞག་མངོན་པ་དང་། འདྲ་མཉམ་མཐའ་འཁྱོངས། ཐུན་མོང་གི་ངོས་འཛིན་གཞིར་འཛིན་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
   ཀྲང་ཅུན་གྱིས་ཀྲུང་གོ་ཕྱོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དུས་བསྟུན་ཡར་བརྩོན་དང་རྙིང་དོར་གསར་འཛུགས་དང་། ལུགས་མཐུན་དང་དགོས་ངེས་ཀྱི་སྒྱུར་བཅོས་བྱས་ཏེ། སྒྱུར་བཅོས་གྲུབ་འབྲས་མི་ཚང་མས་ལོངས་སུ་སྤྱོད་ཐུབ་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་སྒྱུར་བཅོས་མངོན་འགྱུར་ཇི་ལྟར་བྱེད་དགོས་མིན་དེའི་འགག་རྩ་ནི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་བྱ་རྒྱུ་དེ་རེད་ཅེས་བརྗོད་པ་རེད།
    ཀྲང་ཅུན་གྱིས་སྒྱུར་བཅོས་བྱེད་སྐབས་དྲང་གཞག་མངོན་པར་བྱེད་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་དར་རྒྱས་བྱུང་བ་ནི་དེང་གི་རྒྱལ་སྤྱིའི་བཀོད་པའི་ཁྱད་ཆོས་གལ་ཆེན་ཞིག་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲུབ་ཆའི་ཁྲོད་ལྷོ་བྱང་དོ་སྙོམས་མེད་པ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་མང་དྲགས་པ་ནི་རེས་སྐོར་འདིའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྒྱུར་བཅོས་འཕེལ་རིམ་ཐོན་པའི་རྒྱུ་མཚན་གལ་ཆེན་ཞིག་རེད། སྒྱུར་བཅོས་བྱས་ཏེ་དྲང་གཞག་མངོན་པར་བྱེད་པའི་ཡང་དག་ཁ་ཕྱོགས་གཅིག་པུ་དེ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ནང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་བཏང་སྟེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་འཕྲད་པའི་ལོ་རྒྱུས་ཐོག་གི་དྲང་གཞག་མ་ཡིན་པའི་གནས་ཚུལ་ཡོ་བསྲང་བྱེད་དགོས་པ་དེ་རེད་ཅེས་ནན་བཤད་བྱས་པ་རེད།
   ཀྲང་ཅུན་གྱིས་སྒྱུར་བཅོས་བྱེད་སྐབས་འདྲ་མཉམ་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་ཁག་ཆེ་ཆུང་དང་། དྲག་ཞན། དབུལ་ཕྱུག་བཅས་གང་ཞིག་ཡིན་རུང་ཚང་མར་སྒྱུར་བཅོས་ཁྲོད་ནས་ཕན་པ་ཐོབ་དགོས་པ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ནང་སྔར་ལས་མང་བ་ཞུགས་ཐུབ་པ་བྱེད་དགོས། སྒྱུར་བཅོས་ཀྱི་སྔོན་ཚུད་ཁ་ཕྱོགས་ནི་རྒྱལ་ཁབ་འབྲིང་ཆུང་བདེ་འཇགས་ལས་འཛིན་ལྷན་ཚོགས་ནང་ཞུགས་པ་དང་འབྲེལ་ཇུས་ཐག་གཅོད་པའི་ནང་ཞུགས་པའི་གོ་སྐབས་མང་དུ་གཏོང་དགོས་པ་དེ་རེད། བདེ་འཇགས་ལས་འཛིན་ལྷན་ཚོགས་སྒྱུར་བཅོས་བྱེད་པར་ཁོང་ཚོའི་གོ་སྐབས་དང་འདྲ་མཉམ་བློས་གཏོང་བྱ་རྒྱུ་རིན་དོད་དུ་བྱས་ཏེ་རྒྱལ་ཁབ་རེ་ཟུང་གི་སྒེར་ཕན་ཁོ་ན་སྒྲུབ་ཏུ་གཏན་ནས་འཇུག་མི་རུང་ཞེས་བརྗོད་པ་རེད།
   ཀྲང་ཅུན་གྱིས་སྒྱུར་བཅོས་བྱེད་སྐབས་ཐུན་མོང་གི་ངོས་འཛིན་གཞིར་འཛིན་དགོས། ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་ཐོག་བཟོས་པའི་སྒྱུར་བཅོས་ཀྱི་ཇུས་གཞིས་གཞི་ནས་སྒྱུར་བཅོས་ཀྱི་ཁྲིམས་མཐུན་རང་བཞིན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་དབང་གྲགས་རང་བཞིན་འགན་ལེན་དང་། གཞི་ནས་སྒྱུར་བཅོས་ཀྱི་གྲུབ་འབྲས་ལ་དུས་ཚོད་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་པའི་འགན་ལེན། གཞི་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་དེ་བས་དམངས་གཙོ་དང་། ཁ་གསལ། ནུས་ཆེ་བཅས་ཡོང་བའི་འགན་ལེན། གཞི་ནས་ཁ་ཕྲལ་དང་འགྲན་རྒོལ་བཀག་འགོག་བཅས་བྱེད་ཐུབ་ཅེས་བརྗོད་པ་རེད།