འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་18ཉིན།

༄༅།།དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲེ་ཙེ་ཕིང་ཕུག་ལམ་རིང་ཤོས་ཏལ་
འབིགས་ཐུབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་18ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲེ་ཙེ་ཕིང་ཕུག་ལམ་རིང་ཤོས་ཏལ་
འབིགས་ཐུབ་པ།
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལམ་ཐག་ཧྲིལ་པོར་སྤྱི་ལེ་13.15ཡོད་པའི་དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲེ་ཙེ་ཕིང་ཕུག་ལམ་རིང་ཤོས་ཀྱི་ལམ་ཐིག་ཧྲིལ་པོ་ཏལ་འབིགས་ཐུབ་པ་རེད། ཕུག་ལམ་དེ་ནི་རྒྱལ་ཡོངས་ཀྱི་བོད་འབྲེལ་ས་ཁུལ་དང་། དེ་བཞིན་ས་མཐོའི་ས་བབ་མཐོ་ཞིང་གྲང་ལ་དབྱང་རླུང་དཀོན་པའི་ས་ཁུལ་དུ་སྐྲུན་པའི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་རིང་ཤོས་གྲས་ཤིག་རེད་ལ། དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་མཚམས་ཚིགས་གལ་ཆེན་མཐའ་མ་དེ་རེད།
   སི་ཁྲོན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཀྲོའུ་དབུན་ཁྲོན་རྫོང་ནས་འབར་ཁམས་གྲོང་ཁྱེར་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་172ཡོད་པ་དེ་ནི་ནང་ས་ནས་བོད་འབྲེལ་ས་ཁུལ་དུ་བསྐྱོད་པའི་བར་ཁྱམས་གལ་ཆེན་ཞིག་རེད་ལ། སི་ཁྲོན་ནས་ནུབ་ངོས་ཀྱི་བོད་དང་། མཚོ་སྔོན། ཤིན་ཅང་བཅས་དང་འབྲེལ་བའི་མྱུར་བགྲོད་གཞུང་ལམ་ཆེན་པོ་ཞིག་ཀྱང་རེད། རྣམ་གྲངས་དེ་སི་ཁྲོན་གཤོང་ས་ནས་མཚོ་བོད་ས་མཐོར་སྐྱོད་སའི་མཚམས་སུ་གནས་པ་དང་། ས་ཡོམ་གྱི་གས་ཆག་ཁུལ་མང་པོ་བརྒྱུད་དགོས་པ། ཟམ་ཕུག་གི་བསྡུར་ཚད་86.5%ཟིན་པ། ཁྱོན་མ་དངུལ་སྒོར་དུང་ཕྱུར་287ཙམ་གཏོང་རྩིས་ཡོད་པ་རེད།
   ད་ཐེངས་ཏལ་འབིགས་ཐུབ་པའི་ཧྲེ་ཙེ་ཕིང་ཕུག་ལམ་རིང་ཤོས་ཀྱི་ས་གཤིས་གནས་ཚུལ་རྙོག་འཛིང་ཆེ་བ་དང་སྦས་ཚད་གཏིང་རིང་ཤོས་སྨི་1280ཟིན་པས་ཨར་སྐྲུན་ཐད་དཀའ་ངལ་ཆེན་པོ་ཡོད། དེར་བརྟེན་རྣམ་གྲངས་སྐྲུན་མཁན་ཚན་པས་བསྐོར་རྡོ་དང་། སྐྱོར་སྲུང་། ཆུ་འགྲོ རླུང་འགྲོ་སོགས་ཨར་སྐྲུན་བརྒྱུད་རིམ་ཐད་བཟོ་རྩལ་གསར་པ་དང་རྒྱུ་ཆ་གསར་པ་སྤྱད་པ་མ་ཟད། ཕྱོགས་རྐྱང་པའི་རིང་ཚད་སྨི་353ཡོད་པའི་ཨར་སྐྲུན་བདེ་ལམ་ལྗིད་ཐེག་འབྲེང་ཟམ་ཡང་བསྐྲུན་ནས་ལས་གྲྭའི་འཛུགས་སྐྲུན་གྱི་སྤུས་ཚད་དང་མྱུར་ཚད་འགན་ལེན་བྱས་ཡོད།
    ཧྲེ་ཙེ་ཕིང་ཕུག་ལམ་རིང་ཤོས་བདེ་བླག་ངང་ཏལ་འབིགས་ཐུབ་པ་དང་བསྟུན་ནས་2020ལོའི་ལོ་མཇུག་ཏུ་དུས་བཀག་ལྟར་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རེ་ཡོད་པ་རེད། སྐབས་དེར་ཁྲེང་ཏུའུ་ནས་འབར་ཁམས་བར་གྱི་རླངས་འཁོར་གྱི་མྱུར་ཚད་ད་ལྟའི་ཕྱེད་ཀའམ་ཡང་ན་ཆུ་ཚོད་3.5ཙམ་ཐུང་དུ་འགྲོ་རྒྱུ་རེད།(བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15830099.html) 
༄༅།།དབུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲེ་ཙེ་ཕིང་ཕུག་ལམ་རིང་ཤོས་ཏལ་
འབིགས་ཐུབ་པ།