འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་17ཉིན།

༄༅༎ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱིས་ཨ་རིའི་མ་དངུལ་འཇོག་མཁན་གྱིས་ཀྲུང་གོའི་ཁེ་ལས་
ཁག་གཅིག་ལ་མ་དངུལ་འཇོག་རྒྱུ་གཏན་འགོག་བྱས་པའི་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་17ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཨ་རིའི་སྲིད་གཞུང་གིས་ཉེ་ཆར་སྲིད་འཛིན་བཀའ་རྒྱ་ཁྱབ་བསྒྲགས་བྱས་ཏེ་ཨ་རིའི་མ་དངུལ་འཇོག་མཁན་གྱིས་ཀྲུང་གོའི་དམག་ཕྱོགས་ལ་དབང་བའམ་ཡང་ན་དམག་ཕྱོགས་ཀྱིས་ཚོད་འཛིན་བྱེད་པའི་ཁེ་ལས་ལ་མ་དངུལ་འཇོག་རྒྱུ་གཏན་འགོག་བྱས་པ་རེད། གསར་འགོད་པའི་འབྲེལ་ཡོད་དྲི་བར་དམིགས་ནས་ཚེས་16ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ལན་བསྐྱོན་པ་རེད།
     མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཁེ་ལས་ལ་དོན་མེད་རྡུང་གནོན་བྱེད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་ལངས་ཕྱོགས་ནན་པོ་གསལ་སྟོན་ཐེངས་མང་བྱས་ཡོད། ཨ་རི་ཕྱོགས་ཀྱིས་དོན་དངོས་སྣང་མེད་དུ་བཞག་ནས་ཀྲུང་གོའི་འབྲེལ་ཡོད་ཁེ་ལས་དེ་དག་དམག་ཕྱོགས་ཀྱིས་ཚོད་འཛིན་བྱས་པའི་ཁེ་ལས་ཡོན་པ་ངོས་འཛིན་བྱས་པ་དེ་ནི། གཞི་འཛིན་ས་མེད་ལ། ཁྲིམས་གཞི་དང་ཡང་མི་མཐུན་པས། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན་རྒྱ་ཆེར་བཏང་སྟེ་རྒྱལ་ཁབ་ཀྱི་སྟོབས་ཤུགས་གང་བྱུང་དུ་སྤྱད་ནས། ཀྲུང་གོའི་ཆེད་དམིགས་ཁེ་ལས་ལ་རྡུང་གནོན་བྱས་པ་ནི་ཨ་རི་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་འུད་བསྟོད་བྱེད་པའི་ཁྲོམ་ར་འགྲན་རྩོད་ཀྱི་རྩ་དོན་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་ལས་ཚབས་ཆེན་འགལ་ཡོད་ཅེས་བརྗོད།
     མགྲིན་ཚབ་པས་ཀྲུང་ཨའི་དཔལ་འབྱོར་མཉམ་ལས་ཀྱི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན། འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་དུས་རབས་སུ་རྒྱལ་ཁབ་ཁག་གི་ཁེ་ཕན་མཉམ་འདྲེས་གཏིང་ཟབ་བྱུང་བས། ཁྱོད་ཀྱི་ཁྲོད་དུ་ང་ཡོད་པ་དང་། ངའི་ཁྲོད་དུ་ཁྱོད་ཡོད་པ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་མ་རྩའི་ཁྲོམ་རར་ཨ་རི་ཚུད་པའི་གོ་ལ་ཧྲིལ་པོའི་མ་དངུལ་འཇོག་མཁན་གྱིས་ཉིན་རེ་བཞིན་དགའ་པོ་བྱས་དང་བྱེད་ཀྱིན་ཡོད། དེའི་ཐོག་ནས་རྒྱལ་སྤྱིའི་མ་དངུལ་འཇོག་མཁན་གྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་ཡོང་བའི་ཡིད་ཆེས་དང་ཀྲུང་གོའི་མ་རྩའི་ཁྲོམ་ར་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུར་ཁས་ལེན་བྱས་པ་མཚོན་ཡོད། ཨ་རིའི་ཕྱོགས་ཀྱི་མི་ཁ་ཤས་ཀྱིས་རྟག་པར་རྒྱལ་ཁབ་ཀྱི་བདེ་འཇགས་ཟེར་བ་རྒྱུ་མཚན་དུ་བྱས་ནས། མིའི་ཐབས་ཀྱིས་ཨ་རིའི་མ་དངུལ་འཇོག་མཁན་ཀྲུང་གོའི་ཁྲོམ་རར་ཞུགས་པར་འགོག་རྐྱེན་བཟོ་བ་དང་ཐ་ན་དེ་ཆབ་སྲིད་ཅན་དུ་བསྒྱུར་བ་རེད། དེ་ནི་དཔལ་འབྱོར་གྱི་ཆོས་ཉིད་དང་མི་མཐུན་པས། ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་ཤོར་བཅུག་པ་དང་མ་དངུལ་འཇོག་མཁན་གྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་ལས་མ་འདས། སྲིད་ཚོང་བ་ཉུང་ཤས་ཀྱི་བྱ་སྤྱོད་ཀྱིས་ཁྲོམ་རའི་སྟོབས་ཤུགས་འགོག་མི་ཐུབ་ཅེས་བརྗོད།
     མགྲིན་ཚབ་པས། ཀྲུང་གོའི་ཁེ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྲིམས་ལྟར་ལུགས་མཐུན་གཉེར་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་། རྒྱལ་སྤྱི་ཅན་གྱི་གཉེར་སྐྱོང་ཁྲོད་འབྲེལ་ཡོད་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ། ཐོག་མཐའ་བར་གསུམ་དུ་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་རྒྱུན་འཁྱོངས་བཅས་བྱས་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་མུ་མཐུད་དེ་རྒྱལ་ཁབ་ཁག་དང་ཁྲོམ་རའི་སྒྲིག་སྲོལ་དང་འབྲེལ་ཡོད་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་སྤེལ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཀྲུང་གོའི་ཁེ་ལས་ལ་དོན་མེད་རྡུང་གནོན་བྱེད་མཚམས་བཞག་ནས་ཀྲུང་གོའི་ཁེ་ལས་ཀྱིས་ཨ་རིར་རྒྱུན་གཏན་གཉེར་སྐྱོང་བྱ་རྒྱུར་དྲང་གཞག་དང་། དྲང་བདེན། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཁོར་ཡུག་ཅིག་གཏོད་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15830014.html)