འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་17ཉིན།

༄༅༎ཕྱི་འབྲེལ་པུའི་མགྲིན་ཚབ་པས་RCEPལ་བདེ་བླག་ངང་མིང་རྟགས་བཀོད་པ་དང་། ཀྲུང་ཨའི་འབྲེལ་བ། ཁ་ན་ཏའི་ཕྱི་འབྲེལ་
དཔོན་གྱི་ཤིན་ཅང་དང་འབྲེལ་བའི་གཏམ་འཆལ་སོགས་ཀྱི་གནད་དོན་ཐད་གསར་འགོད་པར་དྲིས་ལན་བཏབ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་17ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་འཚོགས་པའི་ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད(RCEP)ལ་མིང་རྟགས་བདེ་བླག་ངང་བཀོད་པ་དང་། ཀྲུང་ཨའི་འབྲེལ་བ། ཁ་ན་ཏའི་ཕྱི་འབྲེལ་དཔོན་གྱི་ཤིན་ཅང་དང་འབྲེལ་བའི་གཏམ་འཆལ་སོགས་ཀྱི་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
     RCEPལ་བདེ་བླག་ངང་མིང་རྟགས་བཀོད་པ་ནི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན།
     ལོ་8རིང་གྲོས་མོལ་བྱས་པ་བརྒྱུད། RCEPལ་ཚེས་15ཉིན་བདེ་བླག་ངང་མིང་རྟགས་བཀོད་པ་རེད། དེ་ཐོག་ནས་འཛམ་གླིང་ཐོག་མི་འབོར་མང་ཤོས་དང་། ཁོངས་མིའི་གྲུབ་ཆ་མང་ཤོས། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་ཀྱི་རང་མོས་ཚོང་དོན་ཁུལ་བསྐྲུན་ཟིན་པ་མཚོན་ཡོད། དེ་ནི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན་ཞེས་བརྗོད།
     དེར་ཀྲའོ་ལི་ཅན་གྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་དེ་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་བཞིན་པ་དང་། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཚབས་ཆེན་བྱུང་བ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཇེ་དྲག་ཏུ་འགྲོ་བ་བཅས་ཀྱི་རྒྱབ་ལྗོངས་འོག་RCEPལ་མིང་རྟགས་བཀོད་པ་དེས། ས་ཁུལ་གྱི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད། འདིས་ཕྱོགས་སོ་སོས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱེད་པ་དང་། སྒོ་དབྱེ་དང་། དྲང་སྙོམས། གཉིས་ཁེ་བཅས་ཀྱི་ཕྱོགས་མང་ཚོང་དོན་སྒྲིག་གཞིར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་པ། མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་ཀྱིས་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་གཞོལ་པ་བཅས་མཚོན་ཡོད།
     ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་ད་བར་ཀྲུང་ཨ་མཐུན་ན་གཉིས་ཀར་ཕན་པ་དང་འཐབ་ན་གཉིས་ཀར་གནོད་པའི་འདོད་ཚུལ་འཛིན་གྱི་ཡོད།
     གནས་ཚུལ་སྤེལ་བར་གཞིགས་ན། ཐེ་རོན་ཕུ་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་ཐེ་རོན་ཕུས་ལྷག་འཕྲོའི་གཟའ་འཁོར་ཁ་ཤས་ནང་ཀྲུང་གོར་སྲིད་ཇུས་ནན་པོ་སྤྱོད་རྒྱུ་ཡིན་ཞེས་བཤད་པ་རེད། དེའི་ཐད་ཀྲའོ་ལི་ཅན་གྱིས་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་ནི། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་སྒུག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་ད་བར་ཀྲུང་ཨ་མཐུན་ན་གཉིས་ཀར་ཕན་པ་དང་འཐབ་ན་གཉིས་ཀར་གནོད་པའི་འདོད་ཚུལ་འཛིན་གྱི་ཡོད། མཉམ་ལས་ནི་ཕྱོགས་གཉིས་ཀའི་ཡང་དག་པའི་གདམ་ག་ཉག་ཅིག་དེ་ཡིན་ཞེས་བརྗོད།
     “ང་ཚོས་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མདུན་སྐྱོད་བྱེད་དགོས་པ་དང་། ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་མི་མཐུན་སར་དོ་དམ་ཚོད་འཛིན་དང་། ཕན་ཚུན་གཉིས་ཕན་གྱི་རྨང་གཞིའི་ཐོག་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན། དེ་དང་ཆབས་ཅིག་ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་མུ་མཐུད་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན”ཞེས་ཁོང་གིས་བཤད།
     ཨ་རི་ཕྱོགས་ཀྱིས་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་དང་ཀྲུང་ཨའི་འབྲེལ་བར་གནོད་འཚེ་གཏོང་བའི་གཏམ་སྤྱོད་མཐའ་དག་མཚམས་འཇོག་དགོས།
     གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས“ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་མ་རེད”ཅེས་བཤད་དང་། ཨ་རིའི་རྒྱལ་དོན་ཁང་གི་མགྲིན་ཚབ་པས་ཚེས་14ཉིན་སྨྱན་སྦྱོར་གྱི་དྲི་བར་ལན་འདེབས་སྐབས་འདས་པའི་ལོ་40ཡི་རིང་ཨ་རིས་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་དང་། “ཐའེ་ཝན་དང་འབྲེལ་བའི་བཅའ་ཁྲིམས།” ཐའེ་ཝན་ལ་དམིགས་པའི“ཁག་ཐེག་དྲུག”བཅས་པའི་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་སྲུང་བྱས་ཡོད་ཅེས་ནན་བཤད་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་ཅེས་དྲིས་པར།
     ཀྲའོ་ལི་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱིས་ཕེང་ཕེ་ཨའོ་ཡི་གཏམ་འཆལ་ཐད་ལངས་ཕྱོགས་ནན་པོ་གསལ་སྟོན་བྱས་ཡོད། འཛམ་གླིང་དུ་ཀྲུང་གོ་གཅིག་ལས་མེད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོའི་ཚབ་བྱེད་མཁན་ཁྲིམས་མཐུན་གྱི་སྲིད་གཞུང་ཉག་གཅིག་དེ་ཡིན། འདི་ནི་ཕྱི་རོལ་ཡུལ་གྱི་དོན་དངོས་ཤིག་ཡིན་ལ་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཞིག་ཀྱང་ཡིན། ཀྲུང་གོ་གཅིག་གི་རྩ་དོན་ནི་ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན། 1979ལོར་སྤེལ་བའི་ཀྲུང་གོ་དང་ཨ་རིའི་བར་ཕྱི་འབྲེལ་བཙུགས་པའི་སྤྱི་བསྒྲགས་ནང་། ཨ་རིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོའི་ཁྲིམས་མཐུན་གྱི་སྲིད་གཞུང་གཅིག་པུ་ཡིན་པ་ཁས་ལེན་པའི་རྨང་གཞིའི་ཐོག་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་ཕན་ཚུན་ཁས་ལེན་དང་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་རྒྱུ་ཡིན་པ་དང་། ཁྱབ་ཁོངས་དེའི་ནང་ཨ་རིའི་མི་དམངས་ཀྱིས་ཐའེ་ཝན་མི་དམངས་དང་རིག་གནས་དང་། ཚོང་དོན། གཞུང་ཕྱོགས་མིན་པའི་འབྲེལ་བ་གཞན་དག་བཅས་རྒྱུན་འཛིན་བྱ་རྒྱུ་ཡིན་ཞེས་གཏན་འཁེལ་གསལ་པོ་བྱས་ཡོད།
     ཁོང་གིས། ཨ་རིས་ཕྱོགས་གཅིག་ཁོ་ནས“ཐའེ་ཝན་དང་འབྲེལ་བའི་བཅའ་ཁྲིམས”ཟེར་བ་དང་དེ་བཞིན་ཨ་རི་ཕྱོགས་ཀྱིས་ཐའེ་ཝན་ལ་དམིགས་པའི“ཁག་ཐེག་དྲུག”ཅེས་པ་གཏན་འབེབས་བྱས་པ་དེ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་བར་གྱི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་དང་ཚབས་ཆེན་འགལ་བ་དང་། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་ཚབས་ཆེན་འགལ་བ། ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་ཇུས་བྱས་པ་བཅས་ཡིན། དེ་ནི་རྦད་དེ་ནོར་འཁྲུལ་ཡིན་པ་དང་། ཁྲིམས་དང་མི་མཐུན་པ་དང་གོ་མི་ཆོད་པ་ཞིག་ཡིན་པས། ཀྲུང་གོའི་སྲིད་གཞུང་གིས་ཐོག་མ་ཉིད་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་བརྩི་སྲུང་ཞུ་དགོས་པ་ནི་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ཡིན་པ་ལས། ཕྱོགས་གཅིག་ཁོ་ནས་བཟོས་པ་ཞིག་མ་རེད།
     “ང་ཚོས་སླར་ཡང་ཨ་རི་ཕྱོགས་ལ་ནན་བསྒྲགས་བྱེད་དོན། ཀྲུང་གོའི་ལྟེ་བའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་བྱ་སྤྱོད་མཐའ་དག་ལ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་དང་། དེས་ཀྱང་ཀྲུང་གོ་གཅིག་གྱུར་གྱི་ལོ་རྒྱུས་འཕེལ་ཕྱོགས་ལ་བཀག་འགོག་བྱེད་མི་ཐུབ། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་དམ་སྲུང་བྱས་ནས། རྣམ་པ་གང་རུང་ཐོག་གི་ཨ་རི་དང་ཐའེ་ཝན་གྱི་གཞུང་ཕྱོགས་འགྲོ་འོང་དང་དམག་དོན་འབྲེལ་བ་བྱེད་མཚམས་བཞག་སྟེ་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་དང་ཀྲུང་ཨའི་འབྲེལ་བར་གནོད་འཚེ་གཏོང་བའི་གཏམ་སྤྱོད་གང་རུང་བྱེད་མཚམས་འཇོག་དགོས། ཨ་རི་ཕྱོགས་ནོར་འཁྲུལ་དང་ཉེན་ཁ་ཆེ་བའི་ལམ་བུའི་ཐོག་མུ་མཐུད་འགྲོ་མི་རུང་ཅེས་བཤད།
     ཁ་ན་ཏའི་ཕྱི་འབྲེལ་དཔོན་གྱིས་ཤིན་ཅང་དང་འབྲེལ་བའི་གཏམ་འཆལ་ལ་དགག་པ་བརྒྱབ་པ།
     མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཁ་ན་ཏའི་འཐུས་ཚབ་ལི་པོ་ཡིས་ཀྲུང་གོས་ཤིན་ཅང་དུ་སྤེལ་བའི་བྱེད་སྟངས་དེ“རིགས་རྒྱུད་རྩ་མེད་དུ་གཏོང་བའི་སྤྱི་ཆིངས་དུ་རིགས་རྒྱུད་རྩ་མེད་དུ་གཏོང་བ་ཞེས་པའི་མཚན་ཉིད་དང་མཐུན་པ་ནི་སྨོས་མེད་རེད”ཅེས་བརྗོད་པའི་དོན་རྐྱེན་ལ་དམིགས་ནས། ཀྲའོ་ལི་ཅན་གྱིས“ཀུན་གྱིས་འཕྱ་སྨོད་བྱེད་ཡུལ་དུ་མི་འགྱུར་བའི་ཆེད་དུ་གཞུང་ཚབ་ཆེན་མོ་འདིས་སྔོན་ལ་གནས་ཚུལ་ངོ་མ་རྒྱུས་ལེན་ཡག་པོ་ཞིག་བྱས་ན་བཟང”ཞེས་བརྗོད།
     ཀྲའོ་ལི་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2019ལོར་ཁ་ན་ཏའི་མི་འབོར་འཕར་ཚད་1.42%ཟིན་པ་མ་ཟད། མི་འབོར་མང་ཆེ་བ་ཕྱི་ནས་ཡོང་བའི་གནས་སྤོས་ཡུལ་མི་ཡིན། 2010ལོ་ནས་2018ལོའི་བར། ཤིན་ཅང་དུ་ཡུ་གུར་རིགས་ཀྱི་མི་འབོར་ཁྲི་1017ནས་ཁྲི་1272བར་འཕར་ལ། ཁྲི་255འཕར་སྣོན་བྱུང་ཞིང་། འཕར་ཚད་25%ཟིན། ཧ་ལམ་ཤིན་ཅང་ཡོངས་ཀྱི་མི་འབོར་འཕར་ཚད་14%ཡི་ལྡབ་གཉིས་ཡིན་ལ་རྒྱ་རིགས་མི་འབོར་གྱི་2%ཀྱི་འཕར་ཚད་ལས་མངོན་གསལ་དོད་པོས་མཐོ་ཞིང་། རྒྱ་རིགས་མི་འབོར་འཕར་ཚད་ཀྱི་ལྡབ་12.5ཟིན་པ་དང་ཁ་ན་ཏའི་མི་འབོར་འཕར་ཚད་ཀྱི་ལྡབ་18ཙམ་ཟིན་པ་རེད།
     “ངས་ཁ་ན་ཏའི་གཞུང་ཚབ་ཆེན་མོ་འདི་ལ་འདྲི་དགོས་པ་ཞིག་ནི། གལ་ཏེ་ཁོས་ངེས་པར་དུ་སུ་ཞིག་རིགས་རྒྱུད་རྩ་མེད་དུ་གཏོང་བའི་མཚན་ཉིད་དང་མཐུན་པ་སྟོན་དགོས་ན། མནར་གཅོད་ཐེབས་མཁན་ནི་ཡུ་གུར་རིགས་མིན་པར། ཁ་ན་ཏའི་མི་དམངས་རེད་པཱ”ཞེས་བཤད།
     ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་མང་པོའི་གཞུང་ཚབ་པས་རྒྱལ་སྨན་ཚོགས་པའི་པེ་ཅིང་སྐྱེ་དངོས་བཟོ་རྫས་ཞིབ་འཇུག་ཁང་དུ་ལྟ་སྐོར་བྱས་ཚུལ་ངོ་སྤྲོད་བྱས་པ།
     ཕྱི་འབྲེལ་པུའི་མགྲོན་བསུ་སི་ཡིས་ཚེས་12ཉིན་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་མང་པོའི་གཞུང་ཚབ་སྒྲིག་འཛུགས་བྱས་ནས་རྒྱལ་སྨན་ཚོགས་པའི་པེ་ཅིང་སྐྱེ་དངོས་བཟོ་རྫས་ཞིབ་འཇུག་ཁང་ལ་ལྟ་སྐོར་བྱས་པ་རེད། ཀྲའོ་ལི་ཅན་གྱིས་དྲི་བར་ལན་འདེབས་སྐབས་ངོ་སྤྲོད་བྱས་དོན། གཞུང་ཚབ་པ་ཚོས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཀྱི་ཐོན་སྐྱེད་ཚོད་འཛིན་ཁང་སོགས་ལ་ལྟ་སྐོར་བྱས་པ་དང་། རྒྱལ་སྨན་ཚོགས་པའི་འགན་ཁུར་བས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཀྱི་ཞིབ་འཇུག་གསར་སྤེལ་བྱས་པའི་གནས་ཚུལ་ངོ་སྤྲོད་ལ་ཉན་པ་དང་འབྲེལ། དོ་ཁུར་བྱེད་པའི་གནད་དོན་ཐད་སྤེལ་རེས་གཏིང་ཟབ་བྱས་པ་རེད། ད་ཐེངས་ཀྱི་ལྟ་སྐོར་ནང་གཞུང་ཚབ་ཆེན་མོ་ཚོས་ཀྲུང་གོའི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་རང་བཞིན་དང་། ནུས་ལྡན་རང་བཞིན། ཉོ་ཐུབ་པའི་རང་བཞིན་བཅས་ལ་ཤེས་རྟོགས་བྱེད་ཚད་ཟབ་ཏུ་ཕྱིན་ཡོད་པ་རེད།
      “ཁོང་ཚོས་ཀྲུང་གོར་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ཐད་ཐོབ་པའི་དགེ་མཚན་ལྡན་པའི་འཕེལ་རྒྱས་ལ་རྟེན་འབྲེལ་ཞུས་ཤིང་། རྒྱལ་ཁབ་ཁག་དང་ཀྲུང་གོ་ཕྱོགས་ཀྱིས་མཉམ་དུ་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། གོ་ལ་ཧྲིལ་པོའི་རིམས་ནད་འགོག་རྒོལ་མཉམ་ཤུགས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བརྗོད་པ་རེད”ཅེས་ཀྲའོ་ལི་ཅན་གྱིས་བཤད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15830013.html)