འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་9ཉིན།

༄༅།།སྲིད་ཇུས་དོན་འཁྱོལ་བྱས། ཕུགས་འདུན་མངོན་འགྱུར་བྱུང་།

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཁྲེང་ཧོན་ཉིང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་09ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     སྟོན་ཁའི་སིལ་རླུང་དང་འགྲོགས་ནས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དུར་ལམ་རྫོང་ཆུ་ཚན་ཤང་གསེར་ཐང་གྲོང་ཚོར་བསྐྱོད་པ་ན། གྲོང་ཚོ་ཡོངས་རི་ལ་བསྙེས་ནས་བསྐྲུན་པས་སྐས་དབྱིབས་ཀྱི་རྣམ་པ་ཞིག་མངོན་ཞིང་། འདི་གར་ཡོང་མཁན་མི་རྣམས་ལ་བག་ཆགས་ཟབ་མོ་ཞིག་འཇོག་ངེས།
    འདི་གར་གྲལ་སྟར་འགྲིག་པའི་འབྲོག་པའི་སྡོད་ཁང་གསར་པ་ཡོད་ལ། ནུས་པ་ཆ་ཚང་བའི་བྱེད་སྒོ་ལྟེ་གནས་ཡོད་པ་དང་། གཙང་ཞིང་ཁོད་ཡངས་པའི་གྲོང་གསེབ་གཞུང་ལམ་ཡང་ཡོད། གྲོང་ཚོ་འཛུགས་སྐྲུན་བྱེད་པའི་ཁྲོད་མངོན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་ལས་གསེར་ཐང་གྲོང་ཚོ་འདི་ཉིད་དུར་ལམ་རྫོང་གི་ཐུན་མིན་ཁྱད་ཆོས་ལྡན་པའི་བོད་རིགས་ཀྱི་དམངས་སྲོལ་རིག་གནས་གྲོང་ཚོ་ཞིག་ཏུ་གྱུར།
   འོན་ཀྱང་ལོ་ལྔའི་གོང་དུ། གནམ་དྭངས་དུས་ཐལ་རྡུལ་གྱིས་ཁེངས་པ་དང་། ཆར་པ་བབས་ཚེ་འདམ་རྫབ་ཀྱིས་ཁེངས་ལ། གྲོང་ཚོ་དེའི་འབྲོག་དུད་469ཚང་མས་སྲོལ་རྒྱུན་ལྟར་རྩྭ་ཆུར་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད།
    2016ལོར་གསེར་ཐང་གྲོང་ཚོར་འགྱུར་ལྡོག་གི་གོ་སྐབས་ཤིག་འཆར་ཞིང་། གྲོང་ཚོ་ཡོངས་ཀྱིས“སྒོ་ར་བཅོས་སྒྲིག་དང་། སྔོ་ལྗང་། དྭངས་གཙང་། མཁྲེགས་འགྱུར”བཅས་བརྗོད་དོན་གཙོ་བོར་བྱས་པའི་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས། ཁང་པ་གོག་ཧྲུལ་དང་ཉེན་ཡོད་ཁང་པ་བཤིག་པ་དང་ཆབས་ཅིག འགྲོ་ལམ་རེ་རེ་བཞིན་ཨར་འདམ་ལམ་དུ་བསྐྲུན་པ་དང་ཁང་པ་གསར་པ་སྟར་པ་རེ་རེ་བཞིན་བསྐྲུན་པས། གྲོང་ཚོའི་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ་དང་། འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་ཐུབ་ལ། མང་ཚོགས་ཀྱི་སྡོད་གནས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་འབྲོག་པའི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
    གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨོ་རྒྱན་ཚེ་རིང་གིས“ལོ་ལྔ་ཡི་རིང་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། སྔོན་ཆད་ང་ཚོ་རྐང་ཐང་མར་ཐག་རིང་པོ་འགྲོ་དགོས། ད་ཆ་ཁྱིམ་ཚང་ཚང་མར་སྒེར་འཁོར་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག སྔོན་ཆད་ང་ཚོ་སྦྲ་གུར་དང་ས་ཕག་གི་ཁང་པའི་ནང་སྡོད་པ་དང་། ད་ཆ་སོ་ཕག་གི་ཁང་པའི་ནང་སྡོད་ཐུབ་སོང་། སྔོན་ཆད་ང་ཚོས་གཙོ་བོ་རྩམ་པ་དང་། མར། ཚགས་ཤ་བཅས་ཟ་བ་དང་། ད་ཆ་སྔོ་ཚལ་སོས་པ་ཟ་རྒྱུ་ཡོད་པ་དང་འཐུང་རྒྱུ་ནི་ཀ་ལའི་ཆུ་ཡིན་པ་མ་ཟད། སྨན་བཅོས་དང་། ཟས་རིགས། སྡོད་ཁང་། འགྲོ་སྐྱོད་བཅས་ཚང་མར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ནས་ང་ཚོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད”ཅེས་བརྗོད།
    གསེར་ཐང་གྲོང་ཚོ་ནི་དུར་ལམ་རྫོང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཚོད་ལྟའི་ས་ཚིགས་ཤིག་ཡིན་པའི་ངོས་ནས། འགྱུར་ལྡོག་བྱུང་བ་ནི་མཁྲེགས་ཆས་ཙམ་མིན་པར་ད་དུང་གྲོང་མིའི་སྙིང་སྟོབས་དང་ཤེད་ཤུགས་ཆེ་རུ་སོང་བ་དེ་རེད། འགྱུར་ལྡོག་དེ་དག་ཚང་མ་ནི་གྲོང་ཚོ་ཡོངས་ཀྱིས“ས་མཐོའི་གདོང་ལེན”འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ། རིག་གནས་དེབ་ཁང་དང་། རིག་གནས་རོལ་རྩེད་ཁང་། དོན་གཅོད་ལས་ཁུངས་བཅས་དང་དེ་བཞིན་ཕྱོགས་གང་ཅིའི་ཐད་ཀྱི་ནུས་པ་བསྡུ་སྒྲིལ་ནུས་ལྡན་བྱས་ནས་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་རྨང་གཞི་བཏིང་བ་ལས་བྱུང་བ་རེད།
    ཨོ་རྒྱན་ཚེ་རིང་གིས“སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། མི་སེར་ཚོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ནས་ང་ཚོའི་ལས་ཀར་སྔར་བས་གཞོགས་འདེགས་བྱེད་འདོད་བྱེད་ཀྱི་འདུག དཔེར་ན། སྔོན་ཆད་དུད་ཚང་རེ་རེ་བཞིན་དུ་བསྐྱོད་དེ་གྲོང་མི་རྣམས་ལ་གད་སྙིགས་དང་གངས་གསོག་གཙང་འཕྱག་སོགས་བྱ་རྒྱུའི་སྐུལ་སློང་བྱེད་དགོས་པ་དང་། ད་ཆ་བརྡ་གཏོང་མི་དགོས་པར་དུད་ཚང་ཚང་མའི་ཁང་པའི་རྒྱབ་མདུན་ཚང་མར་གཙང་སྦྲ་ཧ་ཅང་ལེགས་པོ་བྱེད་པ་དང་། དུས་ཐོག་ཏུ་ཁོར་ཡུག་གཙང་སེལ་བྱེད་པ་ནི་གྲོང་ཚོའི་རང་རྟོགས་དང་རང་མོས་ཀྱི་བྱ་སྤྱོད་ཅིག་ལ་གྱུར་ཡོད”ཅེས་བརྗོད།
    གྲོང་ཚོ་གཅིག་ནི་ལོ་རྒྱུས་ཀྱི་དུས་མཚམས་ཤིག་ཡིན། སྲིད་ཇུས་བཟང་པོ་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་ནས“ཞིང་ལས་སྟོབས་ཆེན་དང་། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པ”བཅས་ཀྱི་ཕུགས་འདུན་ཡང་མི་སེར་ཚོའི་འཚོ་བ་དངོས་ཀྱི་ཁྲོད་མངོན་འགྱུར་བྱུང་ཡོད།