འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་2ཉིན།

༄༅༎ཨེ་ཇིན་རྒྱ་མཚོའི་ས་ཡོམ་ནང་ཉུང་མཐར་ཡང་ཐུར་ཁེ་དང་ཀེ་རི་སེའི་མི་53རྐྱེན་ལམ་དུ་ཤོར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་02ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ཨེ་ཇིན་རྒྱ་མཚོའི་ས་ཡོམ་ནང་ཉུང་མཐར་ཡང་ཐུར་ཁེ་དང་ཀེ་རི་སེའི་མི་53རྐྱེན་ལམ་དུ་ཤོར་བ།
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་དབྱི་སི་ཐན་པུ་ནས་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་1ཉིན་ཐུར་ཁེ་ནུབ་རྒྱུད་དང་། ཀེ་རི་སེ་ཤར་རྒྱུད་ས་མོ་སི་གླིང་ཕྲན་གྱི་ཉེ་འགྲམ་དུ་གནས་པའི་ཨེ་ཇིན་རྒྱ་མཚོའི་མཚོ་ཁུལ་དུ་རིམ་པ་6.6ཟིན་པའི་ས་ཡོམ་གྱིས་ཉུང་མཐར་ཡང་རྒྱལ་ཁབ་དེ་གཉིས་ཀྱི་མི་53རྐྱེན་ལམ་དུ་ཤོར་བཅུག་ཡོད། དེའི་ནང་ཉུང་མཐར་ཡང་ཐུར་ཁེའི་མི་51རྐྱེན་ལམ་དུ་ཤོར་བ་དང་མི་900ཙམ་ལ་རྨས་སྐྱོན་ཕོག་པ་རེད།
     ཐུར་ཁེའི་ཙུང་ཐུང་གཞོན་པ་ཨའོ་ཁེ་ཐ་དབྱིས་ཚེས་1ཉིན་དབྱི་ཙི་སྨིར་ཞིང་ཆེན་གྱི་གནོད་འཚེ་ཕོག་ཁུལ་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་རྒྱུར། ཉིན་དེའི་ཞོགས་པའི་བར། ས་ཡོམ་ནང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དེ་51བར་འཕར་ཡོད། དེ་མིན་མི་896ལ་རྨས་སྐྱོན་ཕོག་པ་དང་། དེའི་ནང་གི་མི་8ནད་གཞི་ཚབས་ཆེ་བའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།
     དབྱི་ཙི་སྨིར་ཞིང་ཆེན་ནི་ད་ཐེངས་ས་ཡོམ་ཁྲོད་གནོད་འཚེ་ཕོག་ཚབས་ཆེ་ཤོས་དེ་རེད། སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཞིང་ཆེན་དེའི་ཁང་བ་བཅུ་ལྷག་བརྡིབས་ཡོད་པ་དང་། ཐུར་ཁེའི་གནོད་འཚེ་དང་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་ཉིན་དེར་མིག་སྔར་མི་5700ལྷག་ཙམ་གྱིས་གེགས་ཁུལ་དུ་འཚོལ་སྐྱོབ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སོགས་ཀྱི་ལས་དོན་སྤེལ་ཡོད་ཅེས་བརྗོད། ཐུར་ཁེའི་འཕྲོད་བསྟེན་པུའུ་ཀྲང་ཁོའོ་ཅ་ཡིས་ས་ཡོམ་བརྒྱབ་རྗེས་འཕྲོད་བསྟེན་པུའུ་ཡིས་གེགས་ཁུལ་དུ་མྱུར་སྐྱོབ་རླངས་འཁོར་170དང་མྱུར་སྐྱོབ་ཐད་འཕུར་གནམ་གྲུ་2བཀོད་སྒྲིག་བྱས་ནས་རོགས་སྐྱོར་བྱས་ཡོད་ཅེས་བརྗོད་པ་རེད།
     སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་ཡོམ་བརྒྱབ་ནས་ཆུ་ཚོད་33སོང་རྗེས་ལོ་70ལ་སླེབས་པའི་བགྲེས་སོང་ཞིག་འཚོལ་སྐྱོབ་མི་སྣས་ཞིག་རོའི་འོག་ནས་བསྐྱབས་ནས་སྨན་ཁང་དུ་བསྐྱལ་བ་རེད། མིག་སྔར་འཚོལ་སྐྱོབ་མི་སྣས་དབྱི་ཙི་སྨིར་ཞིང་ཆེན་གྱི་ཞིག་རོའི་ནང་སྲོག་ཉེན་ལས་ཐར་བའི་མི་འཚོལ་བཞིན་ཡོད།
     ཀེ་རི་སེའི་སྲིད་གཞུང་གི་གནས་ཚུལ་གསར་ཤོས་ལྟར་ན། ས་ཡོམ་ནང་མི་2རྐྱེན་ལམ་དུ་ཤོར་བ་དང་མི་10ལྷག་ཙམ་ལ་རྨས་སྐྱོན་ཕོག་པ་རེད། ཀེ་རི་སེའི་ཙུང་ལི་སྨི་ཙའོ་ཐ་ཅི་སིས་ཟླ་10ཚེས་31ཉིན་གྱི་ཕྱི་དྲོ་གནམ་གྲུར་བསྡད་ནས་ས་མོ་སི་གླིང་ཕྲན་དུ་གཟིགས་ཞིབ་གནང་བར་ཕེབས་ནས། རྐྱེན་ལམ་དུ་ཤོར་བའི་ནང་མིར་འཚམས་འདྲི་ཞུས་པ་དང་འབྲེལ་ས་གནས་དེ་གའི་དཔོན་རིགས་དང་གེགས་རྗེས་རོགས་སྐྱོར་དང་བསྐྱར་སྐྲུན་ལས་དོན་ཐད་ཚོགས་འདུ་འཚོགས་པ་རེད། སྨི་ཙའོ་ཐ་ཅི་སིས་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ས་མོ་སི་གླིང་ཕྲན་གྱི་གེགས་རྗེས་སླར་གསོ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
     ཉེ་འདབས་ཀྱི་ཞི་ཨུ་སི་གླིང་ཕྲན་གྱི་འཛུགས་སྐྲུན་ཁ་ཤས་ཀྱང་ས་ཡོམ་ཁྲོད་གཏོར་བརླག་ཐེབས་ཡོད། ཀེ་རི་སེའི་སྲིད་གཞུང་གིས་ཟླ་10ཚེས་31ཉིན་ས་མོ་སི་གླིང་ཕྲན་དང་ཞི་ཨུ་སི་གླིང་ཕྲན་ཛ་དྲག་གི་རྣམ་པར་སླེབས་པ་ཁྱབ་བསྒྲགས་བྱས་པ་རེད།
     ཐུར་ཁེའི་གནོད་འཚེ་དང་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས། ས་ཡོམ་དེ་ཐུར་ཁེའི་དུས་ཚོད་ཟླ་10ཚེས་30ཉིན་གྱི་ཆུ་ཚོད་14དང་སྐར་མ་51(པེ་ཅིང་གི་དུས་ཚོད་ཆུ་ཚོད་19དང་སྐར་མ་51)ལ་བརྒྱབ་པ་དང་། ས་ཡོམ་རིམ་པ་6.6ཡིན་པ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ་16.5ཙམ་ཡིན་པ་རེད།
     ཨ་ཐེན་སིའི་རྒྱལ་ཁབ་གནམ་དཔྱད་སྟེགས་བུའི་སའི་གོ་ལའི་སྒུལ་ཤུགས་ཞིབ་འཇུག་ཁང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པར་གཞིགས་ན། ས་ཡོམ་གྱི་ལྟེ་བ་ས་མོ་སི་ནུབ་བྱང་གི་སྤྱི་ལེ་16ཙམ་གྱི་སར་གནས་ཡོད་ཅིང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ་2ཙམ་ཡིན་པ་དང་ཨེ་ཇིན་རྒྱ་མཚོ་ཧྲིལ་པོ་དང་དེ་བཞིན་ཀེ་རི་སེའི་སྐམ་ས་ཆེ་མོའི་ས་ཁུལ་མང་ཆེ་བར་ཡོམ་ཚོར་བྱུང་ཡོད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15828506.html) 
【1】  【2】  【3】
༄༅༎ཨེ་ཇིན་རྒྱ་མཚོའི་ས་ཡོམ་ནང་ཉུང་མཐར་ཡང་ཐུར་ཁེ་དང་ཀེ་རི་སེའི་མི་53རྐྱེན་ལམ་དུ་ཤོར་བ།