འཚོལ་བཤེར།   
藏文频道
2020ལོའི་ཟླ་11ཚེས་2ཉིན།

༄༅༎ཡུན་ནན་གྱིས་ལས་བསྡུའི་འདུ་ཚོགས་འཚོགས་ནས་མཐོ་སློབ་སློབ་ཐོན་སློབ་མ་གནད་སྨིན་
ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 11ཚེས་02ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། མི་སྤྱི་པུའུ་རྒྱལ་ཡོངས་ཤེས་ལྡན་མི་སྣའི་སྐོར་སྐྱོད་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་གྲོང་ཁྱེར་ཆེ་འབྲིང་གི་མཉམ་སྦྲེལ་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་བའི་ཁུན་མིང་ས་ཚིགས་ཀྱི་སྐོར་སྐྱོད་ལས་བསྡུའི་འདུ་ཚོགས་སྐབས་བརྒྱད་པ་ཟླ་10ཚེས་31ཉིན་ཁུན་མིང་རང་བྱུང་བཟོ་སྐྲུན་སློབ་ཆེན་གྱི་ཁྲེང་ཀུང་སློབ་ཁུལ་དུ་འཚོགས་ནས། མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་ཁྲི་1ལྷག་ཙམ་མཁོ་འདོན་བྱས་པ་རེད།
     ཁུན་མིང་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་ཐོག་ཀོང་ཏུང་དང་། ཅང་ཤིས། ཧུའུ་ནན། ཨན་ཧུའེ། ཀན་སུའུ་སོགས་ཀྱི་ཚན་པ་200ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་ཅིང་། དེའི་གྲས་སུ་གཞུང་ཁོངས་ཁེ་ལས་དང་། ཁྲོམ་ཞུགས་ཁེ་ལས། བྱ་གཞག་ཚན་པ། མཐོ་རིམ་སློབ་གླིང་། ཚན་ཞིབ་ཁང་སོགས་ཚུད་ཡོད་པ་དང་། དེ་དག་གིས་ལས་ཞུགས་ལས་གནས་ཁྲི་1ལྷག་ཙམ་མཁོ་འདོན་བྱས་ཡོད་པ་རེད། མཁོ་འདོན་བྱས་པའི་ལས་རིགས་ནི་འཕྲུལ་ཆས་དང་། གློག་རླངས། ཨར་སྐྲུན། དྲ་སྦྲེལ། གསོ་རིག་སོགས་ཁྱབ་ཁོངས་30ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད།
     ད་ཐེངས་ཀྱི་བྱེད་སྒོར“གྲོང་ཁྱེར་མཉམ་འགུལ་གྱིས་གནད་སྨིན་ཞབས་འདེགས་ཞུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་མཐོ་སློབ་སློབ་ཐོན་སློབ་མ་དང་མི་སྤྱོད་ཚན་པར་སྦྲེལ་མཐུད་སྤེལ་རེས་ལས་སྟེགས་བསྐྲུན་ནས། མི་ཤུགས་ཐོན་ཁུངས་ལུགས་མཐུན་བཀོད་སྒྲིག་ལ་སྐུལ་འདེད་གཏོང་ཆེད་ཡིན། བྱེད་སྒོར་ལས་ཀ་འཚོལ་མཁན་མི་ཐེངས་ཁྲི་1ལྷག་ཙམ་ཟིན་པ་དང་། ལས་ཀ་འཚོལ་མཁན་གྱི་མི་སྒེར་གྱི་ལོ་རྒྱུས་མདོར་བསྡུས་9000ལྷག་ཙམ་འབྱོར་བ། ས་ཆ་དངོས་སུ་ལས་ཞུགས་ཀྱི་འདོད་མོས་དང་ལེན་ཐུབ་མཁན་700ལྷག་ཙམ་བྱུང་ཡོད་པ་རེད།
     གནད་སྨིན་ལས་ཞུགས་ལ་སྐུལ་འདེད་གཏོང་ཆེད། དྲ་ཐོག་གི་ལས་བསྡུའི་འདུ་ཚོགས་ཀྱང་དུས་མཉམ་དུ་སྤེལ་བ་རེད། ཟླ་10ཚེས་31ཉིན་ནས་ཟླ་11ཚེས་30ཉིན་བར། མཐོ་སློབ་སློབ་ཐོན་སློབ་མས“ཁུན་མིང་ཆ་འཕྲིན་ལས་སྟེགས་ཚའེ་ལུང་སྡེ་ཁུལ”ནང་གི་ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་ཀྱི་ཆེད་དོན་དྲ་ངོས་སུ་འཛུལ་ནས། ལས་བསྡུའི་ཁེ་ལས་ཀྱི་ཆ་འཕྲིན་དང་ལས་གནས་ཀྱི་དགོས་མཁོ་འདྲི་རྩད་ཆོག་པ་མ་ཟད། ད་དུང་བསམ་ཚུལ་བཀོད་ནས་འདྲི་རྩད་ཀྱང་བྱས་ཆོག་གི་ཡོད་པ་རེད།