འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་26ཉིན།

༄༅༎ཕུགས་འདུན་གྱིས་ཕྱུག་པའི་ཀན་ལྷོ་བྲག་སྒམ་ནང་གྲོང་ཚོ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་26ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     གཡའ་དག་པའི་ནམ་མཁའི་འོག་རི་བོའི་མུ་ཁྱུད་སྔོ་ལྗང་གོས་ཀྱིས་བཀླུབས་ཤིང་། དེའི་གསེབ་ཏུ་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་པ་མང་པོ་མཆིས་ལ། ཡུམ་ཚེ་རིང་གི་ཁྱིམ་ཚང་མགྲོན་ཁང་ཡང་དེའི་གྲས་སུ་གནས་ཡོད།
     ཤིང་ལས་གྲུབ་པའི་ཐོག་སོ་ཉིས་ལྡན་གྱི་ཁང་པར་མཛེས་བཟོ་སྤུས་དག་བྱས་པ་དང་། ས་སྲོས་མཚམས་སུ། ཐབ་ནས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་ཞིང་། བཞུད་ཁའི་ཉི་འོད་རིམ་གྱིས་ཁང་སྟེང་དུ་འཕྲོས་ལ། ལྷིང་འཇགས་ཀྱི་གྲོང་ཚོ་དང་རང་བྱུང་ཁམས་གཉིས་གཞི་གཅིག་ཏུ་འདྲེས་ནས་བྲེལ་འཚུབ་ཆེ་བའི་མི་རྣམས་ལ་བག་ཕེབས་ཀྱི་སྣང་བ་ཞིག་ངང་གིས་སྦྱིན།
     ཡུམ་ཚེ་རིང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཐེ་བོ་རྫོང་གཡི་བ་གྲོང་རྡལ་བྲག་སྒམ་ནང་གྲོང་ཚོ་ནས་རེད། དེ་གར་རི་བོ་གཟར་ཞིང་རི་རྩེ་སྨུག་པས་བཏུམས་ནས་སུམ་རྩེན་ཡུལ་ལྟ་བུར་སྣང་ལ། དེ་ནི་ཀན་སུའུ་ཞིང་ཆེན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྲགས་ཅན་ཞིག་ཀྱང་རེད།
     སྔོན་ཆད་འཚོ་བ་དེ་ཙམ་གྱིས་མཛེས་སྡུག་ལྡན་པ་ཞིག་མིན་ཞིང་། དེ་གར་ཆ་སྙོམས་ས་བབ་མཐོ་ཚད་སྨི་2900ཡན་ཟིན་པ་དང་རི་མཐོ་ལ་གཡང་གཟར་བ་དང་ས་རྒྱུའང་ཞན་པོ་ཡོད། “དཔྱིད་ཀར་ས་ཞིང་མང་པོ་བཏབ་རུང་སྟོན་ཁར་འབྲུ་རིགས་སྒྱེ་མོ་ཁ་ཤས་ལས་བསྡུ་རྒྱུ་མེད་པ”ནི་བྲག་སྒམ་ནང་གྲོང་ཚོའི་ཞིང་འབྲོག་པའི་རྒྱུན་གཏན་འཚོ་བ་རེད། ས་ཞིང་བཏབ་པ་དང་ཕྱུགས་འཚོས་པའི་ཡོང་འབབ་ཉུང་ཉུང་ཡིན་སྟབས། ཞིང་འབྲོག་པ་ཚོས་ལོ་ལྟར་བར་གསེང་བཙལ་ནས་རི་སྟེང་དུ་རི་སྐྱེས་སྔོ་ཚལ་དང་ཤ་མོ་འཐུ་བར་བསྐྱོད་དེ་འཚོ་བར་ཁ་གསབ་བྱེད་ཀྱི་ཡོད། ཡུམ་ཚེ་རིང་ཡང་དེ་ལས་མ་འདས་པར་ལོ་14ལ་སླེབས་སྐབས་སློབ་མཚམས་བཞག་ནས་ཕྱིར་ཡོང་འབབ་གསོག་པར་བསྐྱོད།
     ཡུམ་ཚེ་རིང་གིས་ཞབས་ཞུ་བ་དང་། འཐེན་ཐུག་བཟོ་མཁན། མ་བྱན་སོགས་བྱེད་མྱོང་ཡོད་ལ་ཀོང་ཀྲོའུ་དང་ཧྲེན་ཀྲེན་སོགས་གྲོང་ཁྱེར་ཆེན་པོ་མང་པོར་ཡང་བསྐྱོད་མྱོང་ཡོད། དུས་ཆེན་དང་གུང་གསེང་འཆར་རིམ་བཞིན་གྲོང་ཁྱེར་ཆེ་གྲས་སུ་ཡུལ་སྐོར་ལ་ཡོང་མཁན་གྲངས་ཀྱིས་མི་ལངས་བས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད།
     གྲོང་ཁྱེར་ཆེན་པོ་འདུ་འཛི་ཆེ་ནའང་། ཕ་ཡུལ་ནི་དེ་ལས་ལྡོག་སྟེ་རི་མོ་ལྟར་དུ་མཛེས། ཅིའི་ཕྱིར་ཕ་ཡུལ་དུ་ཡུལ་སྐོར་བ་ཧ་ཅང་ཉུང་བ་ཡིན་ནམ། ཡུམ་ཚེ་རིང་གིས་རྟག་ཏུ་དེ་ལྟར་བསམས་རུང་ལག་ལེན་དུ་འཁྱོལ་བར་དཀའ། རི་ཁུལ་དུ་འགྲིམ་འགྲུལ་སྟབས་བདེ་མེད་ལ་དབུལ་ཕོངས་རྗེས་ལུས་ཡིན་པའི་དབང་གིས་ཁོང་གི་ཕུགས་འདུན་ལའང་གས་ཆགས་ཡང་ཡང་ཤོར།
     ཡིན་ཡང་ཡུམ་ཚེ་རིང་གིས་ཤེས་མེད་པ་ཞིག་ལ། གྲོང་ཁྱེར་ཆེ་མོར་དཀའ་སྤྱད་འབད་བརྩོན་བྱེད་སྐབས་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་རེད།
     2015ལོར་ཀན་ལྷོ་ཀྲོའུ་ཡིས“ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པའི”བྱ་སྤྱོད་སྤེལ་ཞིང་། ཁུལ་ཡོངས་ཀྱི་སྤྱི་ལེ་ངོས་གྲུ་ཁྲི་4ལྷག་ཙམ་གྱི་རྩྭ་ཐང་དུ“ཁོར་ཡུག་གསར་བརྗེ”ལག་བསྟར་བྱས་ཏེ། ཁོར་ཡུག་བཅོས་སྐྱོང་དང་འཚོ་བའི་གོམས་སྲོལ་སྒྱུར་བཅོས་ཀྱི་ཚད་གཞི་བཅུ་ལྷག་ཙམ་བཟོས་ལ། དེ་དག་རྩྭ་ཐང་དང་འགྲོ་ལམ། ཐབ་ཀ་དང་ཚ་ཐབ་གང་སར་ཁྱབ་པ་རེད།
     གོ་སྐབས་དེ་དང་བསྟུན་ནས་ཀན་ལྷོ་ཀྲོའུ་ཡིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ལ། ཡུམ་ཚེ་རིང་གི་ཕ་ཡུལ་བྲག་སྒམ་ནང་གྲོང་ཚོ་ཡང་གཙོ་གནད་འཕེལ་རྒྱས་གཏོང་ཡུལ་དུ་གྱུར། སྲིད་གཞུང་གིས་གཞུང་ལམ་བསྐྲུན་པ་དང་རྨང་གཞིའི་འཛུགས་སྐྲུན་འཐུས་ཚང་དུ་ཤུགས་ཆེན་བཏང་ནས་ས་གནས་དེ་གའི་གྲོང་མིར་བོད་ཁྱིམ་སྤྲོ་སྐྱིད་ཁང་འཕེལ་རྒྱས་གཏོང་རྒྱུའི་སྐུལ་མ་བཏང་།
     ཡུམ་ཚེ་རིང་གིས་ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་ཐོས་སྐབས་གྲོགས་པོ་འགའ་དང་གྲོས་བསྡུར་བྱས་ཏེ་ཁྱིམ་ཚང་ཚོང་ཁང་དེ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དུ་བསྒྱུར་ནས་ཡུལ་སྐོར་ཕྱུག་འགྱུར་གྱི“དཔུང་ཁག་ཆེན་པོའི”ནང་ཞུགས་རྒྱུའི་སེམས་ཐག་བཅད།
     སྲིད་གཞུང་གིས་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་བརྒྱུད། བྲག་སྒམ་ནང་གི་ཡིད་འོང་མཛེས་ལྗོངས་ཀྱིས་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་བཀུག་པ་དང་། ཡུམ་ཚེ་རིང་གི་ཚོང་ཡང་ཇི་ཙམ་བརྒྱབ་པ་དེ་ཙམ་གྱིས་ཡག་ཏུ་ཕྱིན།
     2019ལོར་ཁོང་གིས་རིམ་སྤོར་སྒྱུར་བཀོད་བྱས་ནས་ས་གནས་དེ་གའི་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཁྱིམ་སྤྲོ་སྐྱིད་ཁང་ཞིག་གཉེར་རྒྱུའི་སེམས་ཐག་བཅད། ད་ཆ་ཁོང་གི་ཁྱད་ལྡན་མགྲོན་ཁང་གིས་ལོ་ལྟར་ཡུལ་སྐོར་བ་3000ཙམ་ལ་སྣེ་ལེན་ཞུས་པར་ལོར་ཡོང་འབབ་སྒོར་ཁྲི་70ཡན་ཟིན་གྱི་ཡོད།
     ལོ་མང་གྲོང་ཁྱེར་དུ་བསྡད་རྐྱེན་ཡུམ་ཚེ་རིང་གིས་སློབ་སྦྱོང་གི་གལ་ཆེའི་རང་བཞིན་གསལ་པོར་ཤེས་ཡོད། ལོ་རེའི་ཡུལ་སྐོར་བ་མང་བའི་ཟླ་10པ་ཡོལ་རྗེས་ཁོང་གིས་མཛེས་ལྗོངས་ཁུལ་གཞན་དུ་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱེད་པར་བསྐྱོད་ནས་རང་ཉིད་ཀྱི་དོ་དམ་དང་གཉེར་སྐྱོང་བྱེད་སྟངས་ལེགས་སུ་གཏོང་གི་ཡོད། “འཚོ་བའི་སྤུས་ཚད་ཡག་ཏུ་ཕྱིན་པས་ཡུལ་སྐོར་བའི་རེ་བའང་སྔར་བས་མཐོ་རུ་ཕྱིན་ཡོད། གལ་སྲིད་སྤུས་ཚད་མ་ལོན་ན་ཡུལ་སྐོར་བའི་ཡིད་དབང་འགུག་ཐབས་བྲལ”
     ཡུལ་སྐོར་ལས་རིགས་གཉེར་བས་དེ་སྔ་དབུལ་ཞིང་ཕོངས་པའི་བྲག་སྒམ་ནང་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། མིག་སྔའི་བར། བྲག་སྒམ་ནང་གྲོང་ཚོའི་མང་ཚོགས་ཀྱི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་2013ལོའི་སྒོར་5100ནས་2019ལོའི་སྒོར་11000བར་འཕར་བ་དང་། 2019ལོར་གྲོང་ཚོར་རིག་གནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་8བྱུང་ཡོད།
     ཕྱི་ནས་ཡོང་བའི་ཡུལ་སྐོར་བ་ཚོ་དང་འབྲེལ་འདྲིས་ཟབ་ཏུ་གཏོང་ཆེད། ཡུམ་ཚེ་རིང་གིས་རང་ཉིད་ལ་ཡུམ་ཧྥེ་ཞེས་པའི་མིང་གསར་པ་ཞིག་བཏགས་པ་རེད། ཁོང་གིས་རང་ཉིད་ཀྱི་འཚོ་བ་རི་གསེབ་ཀྱི་སྤྲིན་དཀར་ལྟར་ཉིན་རེ་ལས་ཉིན་རེ་བཞིན་ཇེ་མཐོ་དང་ཇེ་ཡག་ཏུ་འགྲོ་བར་རེ་སྒུག་བྱེད་ཀྱིན་ཡོད་པ་རེད།