འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅།།ལོ་70ཡན་གྱིས་ཁ་ལོ་བའི་ལག་འཁྱེར་རེ་ཞུ་བྱེད་ཆོག 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལོ་70ཡན་གྱིས་ཁ་ལོ་བའི་ལག་འཁྱེར་རེ་ཞུ་བྱེད་ཆོག
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་22ཉིན། རང་རྒྱལ་གྱིས་རླངས་འཁོར་ཆུང་གྲས་དང་རང་འགུལ་བཀག་གཏོང་རླངས་འཁོར་ཆུང་གྲས། སྟབས་བདེའི་འཕྲུལ་རྟ་འཁོར་ལོ་བཅས་ཀྱི་ལག་འཁྱེར་ལོ་70ཡན་གྱིས་རེ་ཞུ་བྱེད་ཆོག་རྒྱུ་བྱས་ཡོད། 
    གསར་འགོད་པའི་ཚེས་22ཉིན་སྤྱི་བདེ་པུའུ་ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་གོང་དུ་བཤད་པའི་གནས་ཚུལ་ཤེས་རྟོགས་བྱུང་གསལ། འདི་ནི་སྤྱི་བདེ་པུའུ་ཡིས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་“གློད་སྡོམ་ཞབས་གསུམ་ ”སྒྱུར་བཅོས་ཟབ་སྤེལ་དང་། ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པའི་རྣམ་གྲངས་12ཁྲོད་ཀྱི་གཅིག་ཡིན་པ་དང་། གོམ་གང་མདུན་སྤོས་ངང་ཁ་ལོ་བའི་ལག་འཁྱེར་རེ་ཞུའི་ཆ་རྐྱེན་ལེགས་བསྒྱུར་བྱས་པ་རེད། 
   ཁ་ལོ་བའི་ལག་འཁྱེར་རེ་ཞུའི་ལོ་ཚད་གློད་པ་ནི། འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཀྱང་“གློད་པ་ཁོ་ན”ཙམ་མིན་པར་ད་དུང་ལོ་70ཡན་གྱི་རྒན་འཁོགས་ཚོས་ཁ་ལོ་བའི་ལག་འཁྱེར་རྒྱུགས་སྤྲོད་ན། དྲན་ཤེས་དང་བརྡར་གཅོད། ཚོར་སྣང་སོགས་ཀྱི་ནུས་པར་ཚད་ལེན་ཚོད་ལྟ་བྱེད་དགོས་ལ། གཟུགས་པོ་བདེ་ཐང་ངང་རླངས་འཁོར་གཏོང་པའི་བླང་བྱ་དང་མཐུན་པ་འགན་ལེན་བྱེད་དགོས་པ་མ་ཟད། ད་དུང་ལོ་རེར་གཟུགས་པོ་བརྟག་དཔྱད་ཐེངས་རེ་བྱས་ནས་གཟུགས་པོ་བརྟག་དཔྱད་དཔང་ཡིག་འདོན་དགོས། 
   དུས་མཚུངས་སུ། གསར་འགོད་པས་ཀྱང་སྒྱུར་བཅོས་བྱེད་ཐབས་གསར་པས་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་། འཐེན་འཁོར་གྱི་ཁ་ལོ་བའི་ལག་འཁྱེར་རེ་ཞུའི་ལོ་ཚད་ལོ་26དང་ལོ་24ནས་ལོ་22བར་ཆུང་དུ་བཏང་ཡོད་པ་དང་། འགྲུལ་སྐྱེལ་རླངས་འཁོར་ཆེ་འབྲིང་གྲས་ཀྱི་ཁ་ལོ་བའི་ལག་འཁྱེར་རེ་ཞུའི་ལོ་ཚད་ནི་ལོ་50ནས་ལོ་60བར་ཇེ་ཆེར་བཏང་ཡོད་ཚུལ་རྒྱུས་ལོན་བྱུང་། 
   གཞན་ཡང་། བྱེད་ཐབས་གསར་པ་ཡིས་འཁོར་སྒུལ་ཞིབ་བཤེར་མི་དགོས་པའི་ཁྱབ་ཁོངས་ཇེ་ཆེར་བཏང་ཡོད། ལོ་6ཚུན་སྡོད་ས་6མན་གྱི་ཚོང་གཉེར་མིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་ལ་ལོ་རེའི་ཞིབ་བཤེར་བྱེད་མི་དགོས་པའི་རྨང་གཞིའི་ཐོག ལོ་6ཚུན་གྱི་སྡོད་ས་7ནས་9བར་གྱི་ཚོང་གཉེར་མིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་(མགྲོན་འཁོར་ཆུང་བ་ཕུད)ཞིབ་བཤེར་མི་དགོས་པའི་ཁྱབ་ཁོངས་སུ་བསྡུས་ཡོད། ཚོང་གཉེར་མིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་(མགྲོན་འཁོར་ཆུང་བ་ཕུད)ལོ་6ལས་བརྒལ་ཞིང་ལོ་10ཟིན་མེད་ན། ལོ་རེར་ཞིབ་བཤེར་ཐེངས་1བྱེད་དགོས་པ་ལས་ལོ་2ལ་ཞིབ་བཤེར་ཐེངས་རེ་བྱེད་རྒྱུར་བསྒྱུར་ཡོད། 
   སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཅང་ཕིང་གིས། རླངས་འཁོར་ཐོན་རྫས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་རླངས་འཁོར་ཉམས་གསོ་དང་ཉམས་གསོའི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན། མང་ཚོགས་ཀྱིས་སྒེར་འཁོར་ཞིབ་བཤེར་གློད་འགྲོལ་དུ་གཏོང་དགོས་པའི་རེ་འབོད་ཆེན་པོ་བྱས་པ་རེད། བྱ་ཐབས་འདི་ལག་བསྟར་བྱས་རྗེས། རྒྱལ་ཡོངས་སུ་སྒེར་འཁོར་བདག་པོ་དུང་ཕྱུར་1.7ལྷག་ཙམ་ལ་ཕན་ཐོགས་རྒྱུ་ཡིན་པ་བསྟན། 
   ཐེངས་འདིར་བཏོན་པའི་བྱེད་ཐབས་12ནང་ད་དུང་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་མཉམ་སྤྱོད་རླངས་འཁོར་ལ་སྟབས་བདེ་སྐྲུན་པ་དང་། ལག་བརྒྱུད་རླངས་འཁོར་ཕྱིར་གཏོང་གི་གནས་སྐབས་བྱང་བུ་གཞན་ཡུལ་དུ་གཉེར་རྒྱུར་སྐུལ་འདེད། འཕྲུལ་རྟའི་ལག་འཁྱེར་རྒྱལ་ཡོངས་སུ་རྒྱུགས་ལེན་ཆོག་པ་སོགས་འདུས་ཡོད། ཟླ་11པའི་ཚེས་20ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།