འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་23ཉིན།

༄༅༎ཕྱི་འབྲེལ་པུས་བསྟན་དོན། ཀྲུང་གོས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་ཐད་ལེགས་སྐྱེས་འབུལ་ཚད་70%ལས་བརྒལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་23ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ལྷག་གི་རིང་། ཀྲུང་གོའི་མི་དུང་ཕྱུར་7.5དབུལ་པོའི་གནས་ལས་ཐར་ནས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་ཐད་ལེགས་སྐྱེས་འབུལ་ཚད་70%ལས་བརྒལ་ཡོད། ཀྲུང་གོས་རང་ངོས་ཀྱི་དབུལ་པོ་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ་ནུས་པས་ལྕོགས་ཚོད་ཀྱིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཐོག་མཐའ་བར་གསུམ་དུ་རོགས་རམ་བྱས་ཡོད་ཅེས་བརྗོད།
     ཀྲའོ་ལི་ཅན་གྱིས། ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་ལས་འཛམ་གླིང་ལ་དགེ་མཚན་ལྡན་པའི་དོན་སྙིང་ལྡན་པར་གཙོ་བོ་ཁག་གཉིས་ཏེ།
     གཅིག་ནི་ཀྲུང་གོས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་མགྱོགས་སུ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། དབུལ་པོ་སེལ་བ་ནི་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཡིན་ལ་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་གྱི་དམིགས་ཚད་གཙོ་བོའང་ཡིན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་དེ་ཐོག་མཐའ་བར་གསུམ་དུ་རྒྱལ་སྲིད་སྐྱོང་ལུགས་ཀྱི་གནས་བབ་མངོན་གསལ་དོད་པོར་བཞག་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ལྷག་གི་རིང་། ཀྲུང་གོའི་མི་དུང་ཕྱུར་7.5དབུལ་པོའི་གནས་ལས་ཐར་ནས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་ཐད་ལེགས་སྐྱེས་འབུལ་ཚད་70%ལས་བརྒལ་ཡོད། འཛམ་གླིང་དངུལ་ཁང་གི་བསྡོམས་རྩིས་ལྟར་ན། ཀྲུང་གོའི་མི་དུང་ཕྱུར་8དབུལ་པོའི་གནས་ལས་ཐར་ཡོད། འདི་ལོ་ནི་ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཇུག་བསྡུའི་ལོ་ཡིན་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོའང་ཡིན། ཀྲུང་གོས་འདི་ལོ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གི་གྲོང་གསེབ་མི་འབོར་དབུལ་པོ་ཡོངས་དབུལ་སྒྲོལ་བྱ་རྒྱུ་ཡིན་ལ་དེས་ལོ་10ཡི་སྔ་སྣུར་དུ་དབུལ་པོ་ཉུང་གཏོང་གི་འབྲེལ་ཡོད་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ནས་འཛམ་གླིང་ཁྱབ་ཁོངས་སུ་དབུལ་པོ་སེལ་བ་དང་ཞི་བདེ་འཕེལ་རྒྱས་མངོན་འགྱུར་ཡོང་བར་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་འབུལ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཉེ་དུས《དབུལ་པོ་དབུལ་རྐྱང་མེད་པར་བཟོ་བ། ཀྲུང་གོའི་ལག་ལེན》ཞེས་པའི་སྙན་ཞུ་ཁྱབ་བསྒྲགས་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཁྱབ་ཁོངས་ཁག་གི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་དང་ལག་ལེན་ཕྱོགས་ཡོངས་ནས་མཉམ་སྤྱོད་བྱས་ཡོད།
     གཉིས་ནི་ཀྲུང་གོས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་རོགས་རམ་བྱས་ཡོད། ཀྲུང་གོས་རང་ངོས་ཀྱི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་ནུས་པས་ལྕོགས་ཚོད་ཀྱིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཐོག་མཐའ་བར་གསུམ་དུ་རོགས་རམ་བྱས་ཡོད། ཀྲུང་གོས་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཐེབས་རྩ་དང་ལྷོ་ལྷོ་མཉམ་ལས་ཀྱི་རོགས་སྐྱོར་ཐེབས་རྩ་བཙུགས་པ་མ་ཟད། “ཨེ་ཤེ་ཡ་ཤར་མའི་དབུལ་པོ་ཉུང་གཏོང་གི་མཉམ་ལས་གྲོས་འགོ”དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབུལ་པོ་ཉུང་གཏོང་གི་དམངས་ཕན་མཉམ་ལས་འཆར་གཞིའི་སྒྲོམ་གཞིའི་འོག་མཉམ་ལས་ཀྱི་རྣམ་གྲངས་ལ་སྐུལ་འདེད་ཏན་ཏིག་ཀྱང་བཏང་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁར་ཞིང་ལས་ལག་རྩལ་དཔེ་སྟོན་ལྟེ་གནས་24སྐྲུན་རོགས་བྱས་པ་དེས་ཡུལ་དེའི་དམངས་ཚོགས་ཁྲི་50ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དེ་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་དང་སྦྲེལ་མཐུད་བྱས་ཡོད། འཛམ་གླིང་དངུལ་ཁང་གི་སྙན་ཞུ་གཞིར་བཟུང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་སྔོན་དཔག་བྱས་ན་མི་ཁྲི་760དབུལ་པོ་དབུལ་ནག་གི་གནས་ལས་ཐར་བར་རོགས་རམ་ཐུབ་པ་དང་། མི་ཁྲི་3200དབུལ་པོ་འབྲིང་ཙམ་གྱི་གནས་ལས་ཐར་རྒྱུ་རེད། ཀྲུང་གོས་ད་དུང་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་ཐབས་ལམ་བརྒྱུད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ནུས་པ་ལེགས་སུ་གཏོང་རྒྱུར་རོགས་རམ་བྱས་ནས་དབུལ་པོ་ཉུང་གཏོང་གི་རྒྱལ་སྤྱིའི་མཉམ་ལས་ལ་རམ་འདེགས་བྱས་ཡོད་ཅེས་བརྗོད།
     དབུལ་སྒྲོལ་འགག་སྒྲོལ་གྱི་ཐད་ཕྱི་འབྲེལ་པུས་ལས་དོན་གང་དག་བསྒྲུབས་ཡོད་མེད་སྐོར་འདྲི་སྐབས། ཀྲའོ་ལི་ཅན་གྱིས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ནང་ཕྱི་འབྲེལ་པུའུ་ཐོག་མཐའ་བར་གསུམ་དུ་ཞུགས་ཡོད། ལོ་28ཀྱི་རིང་། ཕྱི་འབྲེལ་པུས་ཡུན་ནན་ཞིང་ཆེན་གྱི་ཅིན་ཕིང་དང་མ་ལི་ཕོ་རྒྱལ་ཁབ་རིམ་པའི་དབུལ་ཕོངས་རྫོང་གཉིས་ལ་གནས་གཏན་འཁེལ་གྱི་དབུལ་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། འདི་ལོའི་ཟླ་5པར་རྫོང་དེ་གཉིས་ཀྱིས་དངོས་སུ་དབུལ་ཞྭ་ཕུད་ཡོད། “ང་ཚོས་སྔར་རྒྱུན་བཞིན་རོགས་སྐྱོར་འགན་འཁྲི་ལག་བསྟར་གང་ལེགས་དང་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་དུས་མཚུངས་འཛམ་གླིང་ལ་ཀྲུང་གོའི་དབུལ་སྐྱོར་གསར་སྤེལ་གྱི་ཉམས་མྱོང་མཉམ་སྤྱོད་བྱ་རྒྱུ་དང་། རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་གི་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་ནས་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་མངོན་འགྱུར་ཡོང་བར་ལེཌ་སྐྱེས་གསར་པ་འབུལ་རྒྱུ་ཡིན”ཞེས་བརྗོད།