འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་22ཉིན།

༄༅༎སྣོད་བཅུད་སྲུང་སྐྱོང་དང་འབྲོག་པའི་འབབ་འཕར་གཉིས་ཀར་ཕན་པ་ཐོབ་པ་ཇི་ལྟར་བྱེད་དགོས་སམ།
རིགས་གཅིག་མཁས་ཅན་གྱིས་མཚོ་བོད་ས་མཐོའི་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་གཏོང་ཐབས་བཏོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་22ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། “སྲོལ་རྒྱུན་གྱི་ཚགས་ཤའི་གནོད་མེད་ལས་སྣོན་ལག་རྩལ་ལ་རྒྱལ་སྤྱིའི་ལས་རིགས་གཅིག་པ་ཚོས་དོ་ཁུར་བྱེད་ཚད་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། ང་ཚོས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་སྲོལ་རྒྱུན་གྱི་ཚགས་ཤའི་བཟོས་རྫས་ལ་གནོད་མེད་ལས་སྣོན་བྱེད་པའི་བརྒྱུད་རིམ་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད”ཅེས་མཚོ་སྔོན་སློབ་ཆེན་ཕྱུགས་རིགས་སྨན་པའི་ཚན་རིག་ཁང་གི་ཡོན་ཀྲང་ལིའུ་ཧྲུའུ་ཅེས་སྙན་ཞུ་གནང་སྐབས་བརྗོད།
     ཉེ་དུས“རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་སྤེལ་འཆར་འགོད་ཀྱི་ཆེད་དོན་རྣམ་གྲངས‘མཚོ་བོད་ས་མཐོའི’རྣམ་གྲངས་ཚོགས་པའི་སྤེལ་རེས་དང་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས”ཁྲེང་ཏུར་འཚོགས་ཤིང་། རིགས་གཅིག་མཁས་ཅན་དང་མཁས་དབང་80ལྷག་ཙམ་གྱིས་མཚོ་བོད་ས་མཐོའི་རྩྭ་རའི་སྣོད་བཅུད་སྲུང་སྐྱོང་དང་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་པ་རེད།
     ལིའུ་ཧྲུའུ་ཅེས“ང་ཚོས་གྲང་དུས་ལུགས་མཐུན་ངང་གཟན་ཆགས་ཁ་གསབ་བྱ་རྒྱུའི་ཚོད་ལྟ་བྱས་པ་ཡིན། མཐར་འབྲི་གཡག་གསོ་ཚགས་བྱེད་པའི་དུས་འཁོར་ལོ་2.5ཙམ་ཐུང་དུ་འགྲོ་གི་འདུག་པས། དེ་ལྟར་བྱས་ཚེ་མཐོ་གྲང་རྩྭ་རར་འབྲོག་ལས་ཀྱི་དུས་ཚིགས་རང་བཞིན་གྱི་འཚོ་བཅུད་དོ་སྙོམས་མེད་པའི་འཇུར་མིག་གི་གནད་དོན་ཐག་གཅོད་ཐུབ་ཀྱི་ཡོད”ཅེས་བཤད།
     བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་རིགས་སྨན་པའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཅི་ཆིའུ་མེ་མིག་སྔར་མཚོ་བོད་ས་མཐོའི་ཁུལ་གྱི་སྣོད་བཅུད་འབྲོག་ལས་ཞིབ་འཇུག་ལས་ལ་གཞོལ་བཞིན་ཡོད་པ་རེད། ཁོང་གིས་གསར་འགོད་པར་མིག་སྔར་ལས་རིགས་ཡོངས་ཀྱིས་མཚོ་བོད་ས་མཐོའི་རང་བྱུང་དང་མི་ཆོས་རིག་གནས་ཁྱད་ཆོས་ལ་འཚམ་པའི་སྡེ་ཁུལ་གྱི་རྣམ་པ་དང་དཔེ་སྟོན་ཐབས་ཤེས་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད་པས། མཚོ་བོད་ས་མཐོའི་རྩྭ་རའི་སྣོད་བཅུད་སྲུང་སྐྱོང་དང་འབྲོག་པའི་འབབ་འཕར་གྱི་དཀའ་གནད་སེལ་ཐུབ་ངེས་རེད་ཅེས་བཤད།
     རྒྱལ་ཁབ་འབྲོག་ལས་རྩྭ་ཐང་ཐོན་ལས་ལག་རྩལ་མ་ལག་ལས་གནས་ཀྱི་རིགས་གཅིག་མཁས་ཅན་སི་ཁྲོན་ཞིང་ཆེན་རྩྭ་ཐང་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ལིའུ་ཀང་གིས། མཚོ་བོད་ས་མཐོའི་རྩྭ་རའི་སྣོད་བཅུད་འབྲོག་ལས་ཐད་དུ་འབྲོག་པ་གཙོ་བོར་བྱས་ཏེ་རྩྭ་རའི་སྣོད་བཅུད་སྲུང་སྐྱོང་དང་ཞིང་འབྲོག་པའི་འབབ་འཕར་ཟུང་འབྲེལ་གྱིས་ཆུང་ལ་སྤུས་ཀ་དག་པ་དང་། ཆུང་ལ་ཕུལ་དུ་བྱུང་བ། ཆུང་ལ་མཛེས་པ་བཅས་ཀྱི་འཕེལ་རྒྱས་ལམ་བུར་བསྐྱོད་དགོས་ཞེས་བཤད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་གླེང་སྟེགས་ནི་མཚོ་བོད་ས་མཐོའི་ཁུལ་གྱི་སྣོད་བཅུད་འབྲོག་ལས་ལག་རྩལ་ཞིབ་འཇུག་དང་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་ཚོགས་ཆུང་དང་། མཚོ་བོད་ས་མཐོའི་འབྲི་གཡག་ཐོན་མཐོ་བདེ་འཇགས་གསོ་ཚཌ་ཀྱི་ལག་རྩལ་བཀོལ་སྤྱོད་དང་དཔེ་སྟོན་རྣམ་གྲངས་ཚོགས་ཆུང་གིས་གཙོ་གཉེར་བྱས་པ་རེད།