འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་22ཉིན།

༄༅༎ཀྲུང་གོའི་འཐུས་མིས་ཨ་ཧྥེ་རི་ཁ་དབུས་མའི་སྤྱི་མཐུན་རྒྱལ་ཁབ་ཀྱིས་འདེམས་བསྐོ་བདེ་བླག་ངང་སྤེལ་རྒྱུར་སྐུལ་མ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་22ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པིན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མའི་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་བབ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས་ཨ་ཧྥེ་རི་ཁ་དབུས་མའི་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཙུང་ཐུང་དང་གྲོས་ཚོགས་ཀྱི་འདེམས་བསྐོ་བདེ་བླག་ངང་སྤེལ་རྒྱུར་སྐུལ་མ་བཏང་བ་རེད།
     ཏའེ་པིན་གྱིས་མིག་སྔར་ཨ་ཧྥེ་རི་ཁ་དབུས་མའི་སྤྱི་མཐུན་རྒྱལ་ཁབ་ཀྱི་དུས་བབ་སྤྱིར་ན་ལེགས་སུ་ཕྱིན་ཡོད། ཨ་ཧྥེ་རི་ཁ་དབུས་མའི་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་ཞི་བའི་གྲོས་མོལ་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་སྲིད་གཞུང་གི་དབང་གྲགས་སྲ་བརྟན་དང་། བདེ་འཇགས་སྡེ་ཚན་སྒྱུར་བཅོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ལ་གྲུབ་འབྲས་ཐོབ་ཡོད། དེ་དང་ཆབས་ཅིག་ཨ་ཧྥེ་རི་ཁ་དབུས་མའི་སྤྱི་མཐུན་རྒྱལ་ཁབ་ལ་བདེ་འཇགས་དུས་བབ་དང་མི་ཆོས་དང་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་སློང་ཆེན་པོ་བཅས་འཕྲད་ཡོད། འདི་ལོའི་ལོ་མཇུག་ཏུ་རེས་སྐོར་གསར་པའི་ཙུང་ཐུང་དང་གྲོས་ཚོགས་ཀྱི་འདེམས་བསྐོ་བྱ་རྒྱུ་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དོ་ཁུར་དང་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས་པ་རེད།
     ཁོང་གིས་ད་ཐེངས་ཀྱི་འདེམས་བསྐོ་ནི་ཨ་ཧྥེ་རི་ཁ་དབུས་མའི་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཞི་བའི་གྲོས་མོལ་ལ་མིང་རྟགས་བཀོད་ཚུན་གྱི་འདེམས་བསྐོ་ཆེ་མོ་ཐོག་མ་དེ་ཡིན་པས་ཞི་བའི་འཕེལ་རིམ་བརྟན་དུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཨ་ཧྥེ་རི་ཁ་དབུས་མའི་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཁྱད་བསད་བྱས་ཏེ་འདེམས་བསྐོའི་གྲ་སྒྲིག་ལས་དོན་ཧུར་ཐག་སྤེལ་ཡོད། དེར་བརྟེན། ཨ་ཧྥེ་རི་ཁ་དབུས་མའི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཁག་གིས་གོ་རིམ་ལྡན་པའི་སྒོ་ནས་གྲ་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་སྟེ་དུས་བཀག་ལྟར་འདེམས་བསྐོའི་ལས་དོན་སྤེལ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།