འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་22ཉིན།

༄༅༎ཕྱི་འབྲེལ་པུས་བརྗོད་དོན། ཕ་ཁི་སི་ཐན་ལྟར་གྱི་དྲང་གཏམ་རྗོད་མཁན་རྒྱལ་ཁབ་དེ་བས་མང་དུ་འགྲོ་བའི་ཡིད་ཆེས་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་22ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕ་ཁི་སི་ཐན་དཔོན་རིགས་ཀྱིས་ཤིན་ཅང་དང་འབྲེལ་བའི་གནད་དོན་ཐད་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་བར་དམིགས་ཏེ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས་20ཉིན་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཤིན་ཅང་དང་འབྲེལ་བའི་གནད་དོན་ཐད་དོན་དངོས་དང་དྲང་གཞག་གི་ལངས་ཕྱོགས་བཟུང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། ཕ་ཁི་སི་ཐན་ལྟར་དྲང་གཏམ་རྗོད་མཁན་གྱི་རྒྱལ་ཁབ་དེ་བས་མང་དུ་འགྲོ་བའི་ཡིད་ཆེས་ཀྱང་ཡོད་ཅེས་བརྗོད་པ་རེད།
     ཚེས་20ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་དྲིས་དོན། ཉེ་ཆར་ཕ་ཁི་སི་ཐན་གྱི་ཙུང་ལིའི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་དམིགས་བསལ་ལས་རོགས་ཡིའུ་སུའུ་ཧྥུ་ཡིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཕ་ཁི་སི་ཐན་གྱི་སྐུ་ཚབ་ཚོགས་པ་དེ་གོང་ཤིན་ཅང་དུ་བསྐྱོད་དེ་ལྟ་སྐོར་བྱས་ནས་ཤིན་ཅང་གི་གནས་ཚུལ་ཤེས་རྟོགས་བྱས་པ་ཡིན། ཤིན་ཅང་མི་རིགས་ཁག་གི་མི་དམངས་ཀྱིས་འདྲ་མཉམ་དང་ཁྲིམས་མཐུན་གྱི་དབང་ཆ་ལོངས་སྤྱོད་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་པ་དངོས་སུ་མཐོང་བྱུང་། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཤིན་ཅང་གི་གནས་ཚུལ་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་པས། “ཡུ་གུར་བའི་གནད་དོན”ཟེར་བ་དེ་གཏན་ནས་མེད་ཅེས་བརྗོད་འདུག ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
     “ཕ་ཁི་སི་ཐན་ཕྱོགས་ཀྱི་རྣམ་འགྱུར་མཚོན་པའི་གཏམ་བཤད་དེ་ཧ་ཅང་ཡག་པོ་འདུག དེའི་ཐོག་ནས་མིག་གིས་མཐོང་བ་ནི་ངོ་མ་ཡིན་པ་མཚོན་ཐུབ། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཤིན་ཅང་དང་འབྲེལ་བའི་གནད་དོན་ཐད་དོན་དངོས་དྲང་གཞག་གི་ལངས་ཕྱོགས་བཟུང་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན”ཞེས་ཀྲའོ་ལི་ཅན་གྱིས་བརྗོད།
     ཀྲའོ་ལི་ཅན་གྱིས་དོན་དངོས་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤིན་ཅང་དང་འབྲེལ་བའི་གནད་དོན་ལ་རང་སོ་སོའི་སྤྱི་མང་གི་དཔྱད་གཏམ་རེ་ཡོད། དེ་གོང་རྒྱལ་ཁབ་48ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱི་ཚོགས་དང་། མི་ཆོས་རིང་ལུགས། རིག་གནས་བཅས་ཀྱི་ཨུ་ཡོན་ལྷན་ཁང་གསུམ་པས་ཤིན་ཅང་དང་འབྲེལ་བའི་གནད་དོན་ཐད་ཀྲུང་གོར་རྒྱབ་སྐྱོར་བྱེད་པའི་ཐུན་མོང་གཏམ་བཤད་སྤེལ་ཏེ། ཀྲུང་གོ་ཕྱོགས་ཀྱི་ཤིན་ཅང་དང་འབྲེལ་བའི་གནད་དོན་ཐོག་གི་དྲང་གཞག་ལངས་ཕྱོགས་ལ་རྦད་དེ་བསམ་ཤེས་དང་རྒྱབ་སྐྱོར་བྱ་རྒྱུ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དུ་སྒྱུར་བ་དང་ཚད་གཞི་གཉིས་ལྡན་གྱི་བྱ་ཐབས་སྤྱད་པར་ངོ་རྒོལ་བྱ་རྒྱུ་དང་ཀྲུང་གོར་དོན་མེད་སྐྱོན་འཛུགས་དང་ཁུངས་མེད་ཐེ་ཇུས་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། དེའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བློ་ཁ་གཅིག་ལ་གཏད་ཀྱི་ཡོད་མེད་གང་ལེགས་མཚོན་ཐུབ། 2018ལོའི་ལོ་མཇུག་ནས་བཟུང་། རྒྱལ་ཁབ་90ལྷག་ཙམ་གྱི་ཚོགས་པ་དང་རྩ་འཛུགས་ཀྱི་མི་ཆིག་སྟོང་ཡན་ཤིན་ཅང་དུ་བཅར་འདྲི་བྱེད་པར་བསྐྱོད་ཡོད། ཁོང་ཚོས་ཤིན་ཅང་གི་བརྟན་ལྷིང་དང་། དར་རྒྱས། འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་དངོས་སུ་མཐོང་བས། ཚང་མས་གཅིག་རྗེས་གཉིས་མཐུད་ངང་འཇིགས་རྒོལ་དང་ཐལ་སྐྱོད་ཅན་མེད་པ་བཟོ་བའི་ཤིན་ཅང་གི་ཉམས་མྱོང་ལ་སློབ་སྦྱོང་བྱེད་དགོས་པ་དང་དཔྱད་གཞིར་འཛིན་རིན་ཡོད་པའི་བསྔགས་བརྗོད་བྱས་ཡོད་ཅེས་བརྗོད།
     ཁོང་གིས“ང་ཚོས་དོན་དངོས་དང་དྲང་གཞག་གི་ལངས་ཕྱོགས་བཟུང་བའི་མི་སྣ་ཤིན་ཅང་དུ་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱེད་པར་ཡོང་རྒྱུའི་དགའ་བསུ་ཞུ་གི་ཡིན་ལ། ཕ་ཁི་སི་ཐན་ནང་བཞིན་དྲང་གཏམ་རྗོད་མཁན་གྱི་རྒྱལ་ཁབ་དེ་བས་མང་དུ་འགྲོ་བའི་ཡིད་ཆེས་ཀྱང་ཡོད”ཅེས་བརྗོད་པ་རེད།