འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་22ཉིན།

༄༅༎འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྟན་དོན། “ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་
ལག་བསྟར་འཆར་གཞིའི”ནང་ཞུགས་མཁན་རྒྱལ་ཁབ་དང་ས་ཁུལ་184ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་22ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲེ་ཐན་ཏི་སའེ་ཡིས། མིག་སྔར་རྒྱལ་ཁབ་དང་ས་ཁུལ་184འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེའི་མཉམ་ལས་རོགས་ཟླས་གྲོས་འགོ་བཏོན་པའི“ཏོག་གསར་གློག་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞིའི”ནང་ཞུགས་ཡོད་པས། རྒྱལ་ཁབ་དེ་བས་མང་བར་ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་འདྲ་མཉམ་དང་ནུས་ལྡན་གྱི་སྒོ་ནས་རྒྱག་ཐོབ་རེ་ཡོད་ཅེས་བརྗོད་པ་རེད།
     ཐན་ཏི་སའེ་ཡིས་ཉིན་དེ་གར་འཚོགས་པའི་དྲ་ཐོག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག “ཏོག་གསར་གློ་ཚད་རིམས་ནད་ཀྱི་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞི”ནི་མིག་སྔའི་འཛམ་གླིང་གི་ཁྱབ་ཁོངས་ནང་བདེ་འཇགས་དང་ནུས་ལྡན་གྱི་རིམས་འགོག་སྨན་ཁབ་འདྲ་མཉམ་ངང་མཉམ་སྤྱོད་བྱེད་པའི་ནུས་པ་ལྡན་ཤོས་ཀྱི་ལམ་སྲོལ་ཞིག་རེད། རིམས་འགོག་སྨན་ཁབ་ནུས་ལྡན་དང་འདྲ་མཉམ་ངང་མཉམ་སྤྱོད་བྱ་རྒྱུ་ནི་ཉེན་ཆེའི་མི་ཚོགས་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་འཕྲོད་བསྟེན་མ་ལག་སྲུང་སྐྱོང་བྱས་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོར་དངོས་འབྲེལ་སྐུལ་འདེད་གཏོང་བར་ནུས་པ་ཐོན་མགྱོགས་ཤོས་ཀྱི་བྱ་ཐབས་ཤིག་རེད་ཅེས་བརྗོད་པ་རེད།
     ཐན་ཏི་སའེ་ཡིས་ད་དུང་གོ་ལའི་ཕྱེད་བྱང་མར་དགུན་ཁ་ཤར་བ་དང་སྦྲགས། ཏོག་གསར་གློ་ཚད་རིམས་ནད་མཆེད་ཚུལ་ཡང“མི་རྣམས་ཀྱིས་སེམས་ཁྲལ་བྱེད་པའི་དུས་མཚམས”སུ་སླེབས་ཤིང་། ཡོ་རོབ་དང་ཨ་མེ་རི་ཁ་བྱང་མར་ཉིན་རེར་ཏོག་གསར་གློ་ཚད་རིམས་ནད་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། གནས་ཚུལ་དེ་འདྲའི་འོག རྒྱལ་ཁབ་ཁག་གི་སྲིད་གཞུང་ཚང་མས་ནུས་པ་ངོ་མ་ཐོན་པ་ར་འཕྲོད་པའི་ཕྱོགས་བསྡུས་རང་བཞིན་གྱི་བྱ་ཐབས་གང་ལེགས་སྤྱད་དེ། ནད་དུག་མ་མཆེད་སྔོན་འགོག་དང་ཚེ་སྲོག་སྐྱོབ་ཐབས་བྱེད་དགོས་ཞེས་བརྗོད་པ་རེད།