འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་21ཉིན།

༄༅༎གཙང་གསུམ་ཆུ་འགོ རྒྱལ་ཁབ་སྤྱི་གླིང་འཕེལ་རྒྱས་ཀྱི་དཔང་པོ།

—— ཆུ་འགོ་བཅོས་སྐྱོང་བྱས་ཏེ་སླར་ཡང་འགོ་འཛུགས་ས་གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་21ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་འདི་ཉིད་གཙང་གསུམ་ཆུ་འགོའི་ལྟེ་བར་གནས་ཤིང་། འདས་ཟིན་པའི་ལོ་40ཡི་རིང་། རྨ་སྟོད་ཀྱིས་ཀྱག་ཀྱོག་གི་འཕེལ་རྒྱས་ལམ་བུ་ཞིག་བརྒྱུད་མྱོང་བ་སྟེ། སྔོན་ཆད་གང་སར་སྤང་ལྗོངས་སྔོ་ཐིང་ངེར་གནས་པའི་རྣམ་པ་དེ་དུས་རབས་གོང་མའི་ལོ་རབས་90པའི་ལོ་མཇུག་ཏུ་སླེབས་སྐབས་ཕྱུགས་ཟོག་འཚོས་དྲགས་པ་སོགས་ཀྱི་དབང་གིས་སྣོད་བཅུད་ཁོར་ཡུག་ཉམས་ཞན་དུ་སོང་བ་དང་། དེ་ནས་ཡང་ད་ཕན་ལོ་ཤས་རིང་ཁོར་ཡུག་བཅོས་སྒྲིག་རབ་དང་རིམ་པ་བྱས་ཏེ་གནད་དོན་གཅིག་ལ་དོ་དམ་བྱེད་མཁན་མང་བའི་གནས་ཚུལ་སྒྱུར་བཅོས་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་དོན་སྤེལ་བ་ལ་སོགས་རྫོང་གཅིག་ལ་འགྱུར་ལྡོག་བྱུང་བ་ལས་སྣོད་བཅུད་བཅོས་སྐྱོང་གི་ཀྲུང་གོའི་ངོ་མཚར་གྱི་དཔང་པོ་བྱས།
     མཚོ་དང་མཚེའུ་ཡི་གྲངས་འབོར་མང་དུ་སོང་ནས་མཛེས་ལྗོངས་བསྐྱར་དུ་མངོན་པ།
     “མཚོ་དང་མཚེའུ་སྐར་ཚོགས་ལྟར་ཆགས་པའི་རྫོང”ཞེས་པའི་མཚན་སྙན་ཡོད་པའི་རྨ་སྟོད་དུ་ལོ་བཅུ་ཕྲག་སྔོན་དུ་མཚོ་དང་མཚེའུ་སྣ་ཚོགས་4000ལྷག་ཙམ་ཡོད་ཅིང་། དུས་རབས་གོང་མའི་ལོ་རབས་80པར་མི་འབོར་ཁྲི་གཅིག་ཀྱང་མི་ཟིན་པའི་རྨ་སྟོད་དུ་ནོར་ལུག་ཁྲི་བརྒྱ་ལྷག་ཙམ་བར་འཕར་ནས་འབྲོག་པའི་ཡོང་འབབ་མང་དུ་ཕྱིན་མོད། འོན་ཀྱང་ཕྱུགས་ཟོག་འཚོས་དྲགས་པའི་རྐྱེན་གྱིས་རྩྭ་ར་བྱེ་འགྱུར་དང་ཨ་བྲའི་གནོད་འཚེ་ཐོན་ནས་མཚོ་དང་མཚེའུ་ཉུང་དུ་སོང་བ་དང་ཆུ་འགོ་ཆད་པ་སོགས་ཀྱི་གནས་ཚུལ་ཐོན་ནས་ཚབས་ཆེ་ཤོས་ཀྱི་སྐབས་རྨ་སྟོད་ཀྱི་མཚོ་དང་མཚེའུ་ཡི་གྲངས་འབོར་1800ལྷག་ཙམ་བར་ཆག་པ་རེད།
     སྣོད་བཅུད་ཁོར་ཡུག་ཉམས་ཞན་དུ་སོང་བས་རྨ་སྟོད་རྫོང་གི་མཚོ་སྐྱ་རེངས་ཤང་གི་འབྲོག་པ་མན་དཀར་གྱི་ངོས་ནས་བཤད་ན་ཕ་ཡུལ་ནས་ཁ་བྲལ་དགོས་བྱུང་བ་རེད། “སྐབས་དེ་དུས་རྩྭ་ཐང་ས་ནག་གྲམ་ཐང་དུ་གྱུར་ནས་ནོར་ལུག་འཚོ་རྒྱུ་ལྟ་ཞོག་ལྷགས་པ་ཆེན་པོ་བརྒྱབ་ཚེ་བྱེ་མས་མིག་ཀྱང་གདང་མི་ཐུབ་པས་དེ་ནས་མ་སྤོས་ཀ་མེད་བྱུང”
     2005ལོར་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་ཐེངས་དང་པོའི་ལས་གྲྭ་ལག་བསྟར་བྱེད་འགོ་ཚུགས་ནས་སྐྱས་སྤོས་རྩྭ་གསོ་དང་། རྩྭ་ཁར་གཞིགས་ནས་ཕྱུགས་གྲངས་གཏན་འཁེལ། བྱེ་འགྱུར་བཅོས་སྐྱོང་། ཡུལ་མི་གནས་སྤོ། ལས་གྲྭའི་ཨ་བྲ་གསོད་པ་སོགས་བཅོས་སྐྱོང་བྱེད་ཐབས་གོམ་སྟབས་གཅིག་མཚུངས་ངང་ལག་བསྟར་བྱས་ཏེ་རྨ་ཆུའི་ཆུ་འགོར་དཀའ་ཚེཌ་ཆེ་བའི་འཚོལ་ཞིབ་བྱེད་འགོ་ཚུགས།
     2015ལོར་དུས་ཐེངས་དང་པོའི་ལས་གྲྭ་ལག་བསྟར་བྱས་ནས་ལོ་བཅུ་འདས་རྗེས་གཙང་གསུམ་ཆུ་འགོའི་རིགས་ཁག་གི་སྤང་རྩྭ་ཐོན་ཚད་30%མང་དུ་ཕྱིན་པ་དང་མུའུ་ཁྲི་བརྒྱ་ཡོད་པའི་ས་ནག་གྲམ་ཐང་བཅོས་སྐྱོང་ཁུལ་གྱི་སྔོ་ཁེབས་ཁྱབ་ཚད་80%ཡན་བར་མང་དུ་ཕྱིན་ནས་གཙང་གསུམ་ཆུ་འགོའི་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་80ཙམ་འཕར་བ་རེད། 2018ལོར་རྨ་སྟོད་ཀྱི་མཚོ་དང་མཚེའུ་ཡི་གྲངས་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་5849ཟིན་པ་རེད།
     ཁོར་ཡུག་བཅོས་སྐྱོང་མ་ལག་བསྐྱར་སྐྲུན་བྱས་ཏེ“ཚན་པ་གཅིག་གིས་དོ་དམ་དཔྱིས་ཕྱིན་པ”བྱས་པ།
     2015ལོའི་ལོ་མཇུག་ཏུ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གིས《ཀྲུང་གོའི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་གྱི་ཇུས་གཞིར》གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དེ་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ཐེངས་དང་པོ་རེད། ཇུས་གཞི་གཞིར་བཟུང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་རྨ་ཆུའི་ཆུ་འགོའི་གླིང་གི་དོ་དམ་ཨུ་ལྷན་བཙུགས་ཏེ་རྨ་སྟོད་རྫོང་གི་དེ་སྔའི་ནགས་ལས་དང་། རྒྱལ་ཁབ་ས་ཆ། ཁོར་ཡུག་སྲུང་སྐྱོང་། ཆུ་བེད་སོགས་སྡེ་ཚན་གྱི་སྣོད་བཅུད་སྲུང་སྐྱོང་དོ་དམ་འགན་འཁྲི་དེ་དག་དོ་དམ་ཨུ་ལྷན་ཁོངས་གཏོགས་ཀྱི་སྣོད་བཅུད་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་སུ་ཟླ་སྒྲིལ་བཏང་བ་དང་དུས་མཚུངས། རྫོང་ནགས་ཚལ་སྤྱི་བདེ་དང་། རྒྱལ་ཁབ་ས་ཆ་ཁྲིམས་སྐྱོང་། ཁོར་ཡུག་ཁྲིམས་སྐྱོང་། རྩྭ་ཐང་ལྟ་སྐུལ་དོ་དམ། ཉ་ལས་ཁྲིམས་སྐྱོང་སོགས་ཁྲིམས་སྐྱོང་སྒྲིག་གཞི་དེ་དག་དོ་དམ་ཨུ་ལྷན་ཁོངས་གཏོགས་ཀྱི་ཐོན་ཁུངས་ཁོར་ཡུག་ཁྲིམས་སྐྱོང་ཅུས་སུ་ཟླ་སྒྲིལ་བཏང་བ་རེད།
     “ཚན་པ་གཅིག་གིས་དོ་དམ་དཔྱིས་ཕྱིན་པ”བྱས་ཤིང་། རྨ་ཆུའི་ཆུ་འགོའི་འགྱུར་ལྡོག་ཆེན་པོ་བརྒྱུད་མྱོང་བའི་མ་ཀུའེ་ཡིས“གནམ་ས་གཞི་གཅིག་ཅན”གྱི་སྣོད་བཅུད་གྲངས་གཞི་ཆེ་མོའི་ལྟེ་གནས་འཛུགས་སྐྲུན་བྱེད་པ་ནས་རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པའི་བར་ཁོང་གིས་འགན་འཁྲི་མང་པོ་འཁུར་བས་དེ་སྔ་ལས་ཀྱང་བྲེལ་བརྩོན་ཆེ་རུ་སོང་ཡོད།
     གཉིས་ཁེའི་རྣམ་པ་གསར་པ་མངོན་ནས་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ།
     ཟླ་8པའི་ཟླ་སྨད་དུ་སླར་ཡང“དགུན་ཚང”དུ་སྤོ་བའི་དུས་ཚིགས་འཆར་ནས་མན་དཀར་ཁྱིམ་གྱིས་བྲེལ་འཚུབ་ངང་གྲ་སྒྲིག་བྱེད་བཞིན་མཆིས།
     2002ལོར་ཁྱིམ་སྤོས་པ་ནས་2015ལོ་བར་ལོ་13འདས་རྗེས་རྨ་ཆུའི་ཆུ་འགོར་སླར་ཡང་རླབས་ཕྲན་ཡང་ཡང་འཕྱུར་བ་དང་བྱེ་འགྱུར་གྱི་རྩྭ་ཐང་ནས་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བས་མན་དཀར་གྱི་ཁྱིམ་ཡང་རྩྭ་ཐང་དུ་སྤོས་པ་རེད།
     ད་ཆ་མན་དཀར་དང་ཡུལ་དེའི་འབྲོག་པ་མང་ཚོགས་མང་པོ་ཞིག་དགུན་དུས་རྫོང་གྲོང་དུ་བསྡད་དེ་སློབ་གསོ་དང་སྨན་བཅོས་ཆ་རྐྱེན་དེ་བས་ལེགས་པ་ལོངས་སྤྱོད་བྱེད་པ་དང་དབྱར་དུས་ཕ་ཡུལ་གྱི་རྩྭ་ཐང་དུ་ལོག་ནས་གོ་རིམ་ལྡན་པའི་སྒོ་ནས་ནོར་ལུག་འཚོ་བཞིན་མཆིས། ལོ་ལྔའི་གོང་དུ་མན་དཀར་གྱི་བུ་སངས་རྡོ་རྗེས་ད་དུང་སྣོད་བཅུད་བདག་སྐྱོང་པའི་འགན་ཁུར་ནས་ས་གཞི་དེའི་སྲུང་སྐྱོང་པར་གྱུར།
     “ང་ལ་བདག་སྐྱོང་གླ་ཆ་སྒོར་1800ལེན་རྒྱུ་ཡོད། ང་ཚོའི་ཚོགས་ཆུང་ལ་མི་10ཡོད་པ་དང་ཟླ་རེར་སྐོར་སྲུང་ཐེངས་གསུམ་རེ་བྱས་ཏེ་གད་སྙིགས་གཙང་སེལ་དང་། སྣོད་བཅུད་ལྟ་ཞིབ་ཚད་འཇལ། ལྟ་སྐུལ་ཁྲིམས་སྐྱོང་ལ་གཞོགས་འདེགས་བཅས་བྱ་རྒྱུ་དེ་ང་ཚོའི་ལས་ཀ་རེད”ཅེས་སངས་རྡོ་རྗེས་སྦག་སྦག་བཞོན་ཞོར་དུ་རང་ཉིད་ཀྱི་དཔུང་རྟགས་དམར་པོར་མཛུབ་མོ་བཙུགས་ཏེ་སྤོབས་སེམས་ཆེན་པོས“མ་གཞི་དཀའ་ངལ་ཆེ་ཙམ་འདུག འོན་ཀྱང་ལོ་དེ་དག་རིང་རྩྭ་ར་དེ་བས་ཡག་ཏུ་སོང་བ་དང་ནོར་ལུག་དེ་བས་ཤ་ཤེད་རྒྱས་པས་མི་རྣམས་དགའ་ཚོར་སྐྱེ་འོས་པ་ཞིག་ཡོད”ཅེས་བཤད།