འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་20ཉིན།

༄༅༎ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་མི་སེར་ཕྱུག་འགྱུར་ལམ་དུ་སྐྱོད།

—— བོད་ལྗོངས་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པའི་བཀྲག་མདངས་འཚེར་སའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་20ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཐོན་ལས་འཕེལ་རྒྱས་གཏོང་བ་ནི་དབུལ་པོའི་གནས་ལས་སྒྲོལ་བའི་རྩ་བའི་ཐབས་ཇུས་ཤིག་རེད། 2016ལོར་བོད་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ཚུན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཐོན་ལས་དབུལ་སྐྱོར་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དབུལ་སྐྱོར་ཐོན་ལས་རྣམ་གྲངས་དང་དབུལ་སྐྱོར་མ་དངུལ་བཀོད་སྒྲིག་ལུགས་མཐུན་དང་། ས་གནས་དེ་གའི་ཞིང་འབྲོག་ལས་ཀྱི་ཐོན་ཁུངས་ལེགས་ཆ་སྔོག་འདོན་ཧུར་ཐག རོང་ཁུལ་གྱི་དཔལ་འབྱོར་དང་། ས་ཁོངས་དཔལ་འབྱོར། ཁྱད་ལྡན་ཐོན་ལས་བཅས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་པས་ཞིང་འབྲོག་ལས་ཁྱད་ལྡན་ཅན་དང་ཐོན་ལས་ཅན་གྱི་འཕེལ་རིམ་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་ཡོད།
     ཐོན་ཁུངས་ཀྱི་ལེགས་ཆ་བཏོན་ནས་སྣེ་འདྲེན་ཐོན་ལས་སྟོབས་ཆེར་བཏང་བ།
     “སྔོན་ཆད་ཁྱིམ་གྱི་ཡོང་འབབ་གཙོ་བོ་ཞིང་ཁ་བཏབ་ནས་ཡོང་གི་ཡོད་པས་འཚོ་བ་འཕྱིད་ཙམ་ལས་མེད། རྗེས་སུ་སྲིད་གཞུང་གིས་ང་ཚོར་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཏེ། སྔོ་ཚལ་སྣ་ཚོགས་འདེབས་སྟངས་བསླབས་པ་མ་ཟད། ཕྲུ་གུ་ཚོའང་ཐག་ཉེ་ས་དང་སྟབས་བདེ་སར་སློབ་གྲྭར་འགྲོ་ཐུབ་པ་བྱུང་བས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་སོང་། ད་ཆ་ང་དང་བཟའ་ཟླ་གཉིས་ཀ་ཐོན་ལས་གླིང་དུ་ལས་ཀ་བྱེད་ཀྱི་ཡོད། ང་གཉིས་ཀྱི་ཟླ་རེའི་གླ་ཕོགས་བསྡོམས་ན་སྒོར་8000ལྷག་ཙམ་ཡོད་པ་དང་ལྟོ་ཆས་དང་སྡོད་ས་འདི་ནས་སྤྲོད་ཀྱི་འདུག ལོ་མཇུག་ཏུ་ཁེ་སྤོགས་ཀྱང་བགོ་བཤའ་རག་གི་འདུག”ཅེས་ཆོས་འཕེལ་གྱིས་གསར་འགོད་པར་བཤད་བྱུང་།
     ཆོས་འཕེལ་གྱིས་བཤད་པའི་ཐོན་ལས་གླིང་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི“ཤ་ཚལ་སྒོང་གསུམ”འདུ་འགོད་ཀྱི་ཐོན་ལས་གླིང་རེད། ལྷུན་རྩེ་རྫོང་གི་ས་རྒྱ་ཆེ་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པས་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལམ་ཧ་ཅང་བཟང་པོ་ཡོད།
     ཐོན་ལས་གླིང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར། རྒྱ་ཁྱོན་མུའུ་259ཟིན་པའི“ཤ་ཚལ་སྒོང་གསུམ”འདུ་འགོད་ཀྱི་ཐོན་ལས་གླིང་དེར་ཁྱོན་མ་དངུལ་སྒོར་ཁྲི་5160.41བཏང་བ་དང་། ཀུང་སི་དང་། རྟེན་གཞི། དུད་ཚང་དབུལ་པོ་བཅས་མཉམ་དུ་འབྲེལ་བའི་འཁོར་རྒྱུག་བྱེད་སྟངས་སྤྱད་པས་ལོ་ལྟར་སྔོ་ཚལ་རྒྱ་མ་ཁྲི་250ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད།
     ད་ཆ་ཐོན་ལས་གླིང་དུ་ལས་ཀ་བྱེད་མཁན་ཆོས་འཕེལ་དབུལ་ཞྭ་ཕུད་པ་མ་ཟད། ད་དུང་ལག་རྩལ་མི་སྣ་དང་བདག་སྐྱོང་པ་ཚད་ལྡན་ཞིག་ཏུའང་གྱུར་ཅིང་། ཁོང་གིས“ངས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་མི་དེ་བས་མང་བར་བསླབས་ནས་ཡུལ་མི་སྤུན་ཟླ་ཚང་མ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་ཀྱི་ཡིན”ཞེས་བཤད།
     ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་སྣེ་འདྲེན་ཁེ་ལས་དང་ཆེད་ལས་མཉམ་ལས་རྩ་འཛུགས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་། ཁེ་ལས+རྟེན་གཞི+མཉམ་ལས་ཁང+དུད་ཚང་དབུལ་པོ་བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཀྱིས་ཁྱབ་སྤེལ་གཏོང་བ། རིག་གནས་ཡུལ་སྐོར་གྱི་ཐོན་ལས་ལ་བརྟེན་ནས་དབུལ་པོར་སྐུལ་ཁྲིད་བྱེད་པའི་ནུས་པ་སྔོག་འདོན་གང་ལེགས་བྱེད་པ། མི་འབོར་དབུལ་པོའི་དབུལ་སྒྲོལ་ལ་རོགས་རམ་བཅས་བྱས་པ་ལས་ཞིང་འབྲོག་མང་ཚོགས་ཁྲི་70ལྷག་ཙམ་ལ་ཕན་པ་ཐོབ་པ་རེད།
     ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་བ།
     ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ནང་སའི་སྔོན་ཐོན་འཕེལ་རྒྱས་གཏོང་སྟངས་དང་འཕེལ་རྒྱས་ཀྱི་ཉམས་མྱོང་དག་རྒྱུན་ཆད་མེད་པར་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད།
     བོད་ལྗོངས་གཞིས་རྩེའི“འཛམ་གླིང་ནས་ཀྱི་ཕ་ཡུལ”གྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ཏེ། བོད་ལྗོངས་བདེ་ཆེན་ཉི་འོད་གཞིས་ཀ་ཚད་ཡོད་ཀུང་སིས་གཞིས་རྩེའི་ནས་ལས་སྣོན་ཞིབ་ཚགས་ཐོན་ལས“སྤུས་ཚད་ལེགས་པ་དང་། ཆུ་ཚད་མཐོ་བ། ཐོན་སྐྱེད་རིན་ཐང་ཆེ་བ”བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་གཏན་འཁེལ་བྱས་ནས། ནས་ལས་སྣོན་ཞིབ་ཚགས་ཀྱི་ཐོན་རྫས་བཏོད་པ་དང་། ཚན་རིག་ལག་རྩལ་དང་སྔོན་ཐོན་སྒྲིག་ཆས་སྤྱད་དེ། ནས་དེ་དག་འབྲུ་རྩིང་རིགས་དང་། བདེ་སྲུང་བཟའ་བཅའི་རིགས། ལས་སྣོན་ཞིབ་ཚགས་ཀྱི་གྲུབ་ཆ་བསྡུ་ལེན་རིགས། སྤྲོ་གསེང་བཟའ་བཅའི་རིགས་བཅས་ཟུར་སྣོན་རིན་ཐང་ཆེ་བའི་ཐོན་རྫས་ཆེ་གྲས་བཞིར་བསྒྱུར་ཏེ། བོད་ཀྱི་ནས་དེ“ཚེ་སྲོག་གི་འབྲུ་རིགས”ནས“ཕྱུག་འགྱུར་གྱི་འབྲུ་རིགས”སུ་འགྱུར་བར་བྱས་ཡོད།
     ད་ཆ། ནས་ཀྱི་སྲན་ལྗང་ཐུག་པ་དང་། ནས་ཀྱི་བཀལ་ཐུག ནས་ཀྱི་མོག་མོག་སོགས་ནས་ཀྱི་ཞིམ་ཟས་སྣ་ཚོགས་གསར་སྤེལ་བྱས་པ་མ་ཟད། ཐབས་ལམ་སྣ་ཚོགས་བརྒྱུད་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བཙོངས་ནས་ནང་སའི་མང་ཚོགས་ཁྱིམ་ནས་དོན་མི་དགོས་པར་བོད་ཀྱི་ཁྱད་ལྡན་ཐོན་རྫས་བཟའ་རྒྱུ་ཡོང་བ་བྱས་ཡོད།
     ནས་ཀྱི་ཐོན་རྫས་རབ་དང་རིམ་པ་ཁྲོམ་རར་བཏོན་པ་དང་ཆབས་ཅིག ནས་ཀྱི་མ་བཅོས་རྒྱུ་ཆའི་ཐད་ཀྱི་ཁེ་ལས་ཀྱི་དགོས་མཁོ་ཡང་ཇེ་ཆེར་འགྲོ་བཞིན་ཡོད་པས། བོད་ལྗོངས་གཞིས་རྩེ་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ལུང་བཟང་གྲོང་ཚོའི་གྲོང་མི་བསྟན་འཛིན་གྱིས་ཀྱང་རང་ཁྱིམ་གྱི་སྒོ་རྩར་འབྲུ་རིགས་འཚོང་འགོ་ཚུགས་ཤིང་། ཁོང་གིས“ན་ནིང་ངས་ནས་མུའུ་40ཚང་མ་ཁེ་ལས་ལ་བཙོངས་པར་ཡོང་འབབ་སྒོར་ཁྲི་17ཙམ་བྱུང”ཞེས་བཤད།
     ཐོན་ལས་གཉེར་ནས་མང་ཚོགས་ཀྱིས་ཁེ་ཕན་དེ་བས་མང་བ་ལོངས་སུ་སྤྱོད་པ།
     “ད་ཆ་ང་ཚོའི་གྲོང་མི་ཚང་མ་མཉམ་ལས་ཁང་དུ་ཞུགས་པས་གླ་ཕོགས་ལེན་རྒྱུ་ཡོད་པ་མ་ཟད། ལོ་མཇུག་ཏུ་ད་དུང་ཁེ་སྤོགས་ཀྱང་བགོ་བཤའ་རག་ནས་འཚོ་བ་ཉིན་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་འཆམ་གུག་གྲོང་ཚོའི་གྲོང་མི་ཀརྨ་དགེ་འདུན་གྱིས་དགའ་ཚོར་ཆེན་པོས་བཤད།
     འཆམ་གུག་གྲོང་ཚོ་ནི་མངའ་རིས་སྒེར་རྩེ་རྫོང་གི་ལྷོ་ནུབ་རྒྱུད་ཀྱི་རྒྱལ་ལམ་317ལམ་རྒྱུད་དུ་ཆགས་པ་དང་ཆ་སྙོམས་ས་བབ་སྨི་4600ཡན་ཟིན་གྱི་ཡོད། གྲོང་ཚོ་ཡོངས་ལ་དུད་ཚང་71དང་མི་288ཡོད་པའི་ནང་དུད་ཚང་དབུལ་པོ་13གྱི་མི་47ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། འཆམ་གུག་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཁ་ཐོར་གྱི་ཆེད་ལས་མཉམ་ལས་རྩ་འཛུགས་དེ་དག“འཆམ་གུག་གྲོང་ཚོའི་འབྲོག་པའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་རྩ་འཛུགས”ལ་བསྡུ་སྒྲིལ་བྱས་ནས་གྲོང་ཚོ་ཡོངས་ཀྱི་མི་256མཉམ་ལས་ཁང་གི་ཁོངས་མིར་བསྡུས་པ་རེད།
     “ཐོག་མར་ཚང་མ་སྲོལ་རྒྱུན་གྱི་ཕྱུགས་འཚོ་བར་གོམས་པས་མཉམ་ལས་ཁང་དུ་ཞུགས་འདོད་བྱེད་ཀྱི་མེད་ལ། ཐ་ན་གྲོང་ཚོའི་ལས་བྱེད་པ་ལ་ལས་མཉམ་ལས་ཁང་ལ་དོགས་པ་བྱེད་ཀྱི་ཡོད”ཅེས་འཆམ་གུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་དོན་གྲུབ་ཀྱིས་བཤད། ཚང་མའི་བསམ་བློའི་ལྟ་བར་འགྱུར་ལྡོག་གཏོང་ཆེད། གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་དུད་ཚང་རེ་རེ་དང་གྲོང་མི་རེ་རེ་བཞིན་དང་སྤེལ་རེས་བྱས་ཏེ། ཚང་མར་མཉམ་ལས་འཕེལ་རྒྱས་ཀྱི་ཕན་པ་སྒྲོག་འགྲེལ་ཡང་ཡང་བྱས་མཐར་གྲོང་མིའི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་ཡོད།
     “མཉམ་ལས་ཁང་དུ་ཚང་མས་ལས་བགོས་ལྟར་གཅིག་གྱུར་གྱིས་ངལ་རྩོལ་བྱས་ཏེ་ཐོན་སྐྱེད་བྱས་པའི་མར་དང་། ཕྱུར་བ། ཞོ། བལ་སོགས་ཐོན་ཟོག་མང་ལ་སྤུས་ཀ་ལེགས་པས་སྒེར་རྩེ་རྫོང་དང་དེ་མིན་ས་ཁུལ་དུ་དགའ་བསུ་ཆེན་པོ་ཐོབ་ཡོད། གྲོང་མི་ཚོས་མཉམ་ལས་ཁང་གི་ངལ་རྩོལ་བྱེད་པ་དང་ཆབས་ཅིག ད་དུང་ཨར་ལས་རུ་ཁག་བཙུགས་ནས་ཐག་ཉེ་སར་ལམ་བཟོ་བ་དང་། ཁང་པ་རྒྱག་པ། དྲོད་ཁང་སྐྲུན་པ་སོགས་ཀྱི་ལས་གྲྭའི་རྣམ་གྲངས་གཉེར་བས་སྒོ་འགྲམ་དུ་ལས་ཞུགས་ཐུབ་ཡོད”ཅེས་ཉི་མ་དོན་གྲུབ་ཀྱིས་བཤད།
     2019ལོར་གྲོང་ཚོ་ཡོངས་ཀྱི་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་16055བྱུང་ནས་སྒེར་རྩེ་རྫོང་གི་གྲོང་ཚོ(གྲོང་ལྷན)49ཡི་ཁྲོད་གཞན་གྱི་སྔོན་ལ་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་ཡོད།
     བོད་ལྗོངས་ཀྱིས་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོའི་རང་རྟེན་ནུས་པ་ཆེ་རུ་གཏོང་བ་དང་དུས་མཚུངས། གྲོང་མིའི་ཐུན་མོང་གི་འདུ་ཤེས་དང་། མཉམ་ལས་ཀྱི་འདུ་ཤེས། ཁྲོམ་རའི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་། ཐོན་ལས་དབུལ་སྐྱོར་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་བས་དེ་བས་ཏན་ཏིག་དང་། དེ་བས་བརྟན་པོ། དེ་བས་སྤུས་ཚད་ལྡན་པ་བཅས་ཀྱི་སྒོ་ནས་དབུལ་སྒྲོལ་ཐུབ་ཡོད།