འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་20ཉིན།

༄༅༎བོད་ལྗོངས་མངའ་རིས་སུ་གནས་སྤོས་མང་ཚོགས་ཀྱིས་འཚེམ་བཟོའི་ལག་རྩལ་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་20ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། སྔོན་ཆད་ཀྱི་འབྲོག་པ་ཚོ་ད་ཆ“ལས་བྱེད་པར”གྱུར་པ་དང་། སྔོན་ཆད་ཐོན་སྐྱེད་རྩལ་ནུས་གང་ཡང་མི་ཤེས་པའི་འབྲོག་པ་ཚོར་ད་ཆ་ཁྱིམ་གྱི་སྒོ་འགྲམ་ནས་སློབ་སྦྱོང་བྱེད་ས་རག་པ། སྔོན་ཆད་ཡོང་འབབ་ཡོང་ཁུངས་གང་ཡང་མེད་པའི“ལས་མེད་པར”ད་ཆ་ཟླ་རེར་ཡོང་འབབ་དམའ་ཤོས་སྒོར་2000ལྷག་ཙམ་ཡོད་པ་རེད།
     བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་སྤྲོ་སྐྱིད་གྲོང་གསར་ནི་རྫོང་དང་ཆུས་5ཡི་གནས་སྤོས་དུད་ཚང་ལས་གྲུབ་པའི་གྲོང་ཚོ་ཞིག་ཡིན་ཞིང་། གྲོང་ཚོ་དེར་ཁྱོན་དུད་ཚང་714ཡི་གྲོང་མི་3152ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པར་སྟབས་བདེ་བསྐྲུན་ནས་གྲོང་མིའི་ཡོང་འབབ་མང་དུ་གཏོང་ཆེད། 2017ལོ་ནས་བཟུང་གནས་དེར་གྱོན་ཆས་དང་ས་གདན་ལས་སྣོན་བཟོ་གྲྭ་བཙུགས་པ་མ་ཟད། གནས་སྤོས་རྗེས་ཀྱི་ཞིང་འབྲོག་མང་ཚོགས་ཚོས་རྩལ་ནུས་ཁོང་དུ་ཆུད་ནས་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
     གྱོན་ཆས་ལས་སྣོན་འཁོར་ཁང་དུ་སྐྱོད་སྐབས་གནས་སྤོས་མང་ཚོགས་30ལྷག་ཙམ་འཁོར་འཚེམ་གྱི་མདུན་དུ་བྱང་ཆུབ་པོས་འཚེམ་བུ་རྒྱག་བཞིན་མཆིས།
     དགེ་རྒྱས་རྫོང་ནས་གནས་སྤོས་པའི་སྲི་སྐྱིད་ཀྱིས“བཟོ་གྲྭར་འཚེམ་བཟོའི་ལག་རྩལ་སྦྱངས་ནས་ལོ་གཅིག་ལྷག་ཙམ་སོང་ཟིན་པས་ངས་ད་ཆ་རང་རྐྱ་འཕེར་པོས་བོད་ཆས་འཚེམ་ཤེས་ཀྱི་ཡོད། སྔོན་ཆད་ང་ལུག་རྫི་ཡིན་པས་འཁོར་འཚེམ་མཐོང་མྱོང་མེད། ད་ཆ་རྒན་ལགས་ཀྱིས་ཉིན་ལྟར་ངར་འཚེམ་བུ་རྒྱག་སྟངས་བསླབས་ནས་གྱོན་ཆས་འཚེམ་ཤེས་སྟབས་ཧ་ཅང་དགའ་པོ་འདུག”ཅེས་སྐད་ཆ་ཤོད་རིང་རས་ཤིག་དྲས།
     སྒེར་རྩེ་རྫོང་སྒེར་རྩེ་གྲོང་རྡལ་ནས་གནས་སྤོས་པའི་གངས་འཛིན་གྱིས་དྲས་འཚེམ་སོགས་ས་གདན་ལས་སྣོན་བཟོ་གྲྭ་ནས་ཤེས་པས་རང་ཉིད་ཀྱི་ལས་ཀར་བློ་ཡིད་ཧ་ཅང་ཚིམ་པོ་བྱེད་ཀྱི་ཡོད། ཁོང་གིས“གཞི་རྩའི་གླ་ཕོགས་སྒོར་1200ཡོད་པ་དང་། ས་གདན་ཁྲེ་ཙེ་རེ་བཙེམས་ཚེ་སྒོར་140ཡོད་པ་མ་ཟད། ལག་རྩལ་དེ་བས་བྱང་ཆུབ་ཚེ་ཡོང་འབབ་དེ་བས་མང་བ་ཡོད”ཅེས་བཤད།
     གནས་སྤོས་མང་ཚོགས་ཀྱི་སྤྲོ་སྐྱིད་ཁྱིམ་གཞིས་གསར་པའི་གྱོན་ཆས་དང་ས་གདན་ལས་སྣོན་བཟོ་གྲྭར་སྲི་སྐྱིད་དང་གངས་འཛིན་དང་འདྲ་བའི་ལས་མི་ད་དུང་100ལྷག་ཙམ་ཡོད།