འཚོལ་བཤེར།   
藏文频道
2020ལོའི་ཟླ་10ཚེས་17ཉིན།

༄༅༎མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་ལ་གནོད་སྐྱོན་བཏང་བར་གུན་གསབ་སྤྲོད་རྒྱུའི་གྲོས་མོལ་གྱི་
གྱོད་གཞི་ཐོག་མ་དེར་གྲོས་མཐུན་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 10ཚེས་16ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཆེས་ནན་ཤོས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་བྱས་ནས“ཁོར་ཡུག་ལ་རིན་ཐང་ལྡན་པ་དང་། གནོད་འཚེའི་འགན་འཁྲི་འཁུར་བའི”རྩ་དོན་གང་ལེགས་མངོན་ཆེད། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་ལ་གནོད་སྐྱོན་བཏང་བར་གུན་གསབ་སྤྲོད་རྒྱུའི་གྱོད་གཞི་ཐོག་མ་དེར་གྲོས་མོལ་ལམ་ལྷོངས་བྱུང་བ་དང་འབྲེལ་གུན་གསབ་དངུལ་སྒོར་ཁྲི་10.47སྤྲད་ཡོད་པ་རེད།
     2019ལོའི་ཟླ་12པར། ཅང་ཤིས་ཀྲུང་གོ་རྡོ་སོལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་མཛོ་རྒན་རྭ་བ་གྲོང་རྡལ་མཛོ་རྒན་མྱུར་བགྲོད་གཞུང་ལམ་མཛོ་རྒན་རྭ་བ་ཞབས་ཞུ་ཁུལ་གྱི་བྱང་ངོས་སྨི་2000ཡི་སར་ཁྲིམས་འགལ་ངང་བྱེ་མ་སྔོག་འདོན་བྱས་ཏེ་མཛོ་རྒན་རྭ་བ་ཞབས་ཞུ་ཁུལ་གྱི་སྒོ་རའི་ས་ངོས་སྙོམས་རྒྱུར་བེད་སྤྱད་པ་རེད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་རྨ་ཆུའི་ཆུ་འགོ་གླིང་ཁུལ་དོ་དམ་ཨུ་ལྷན་ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་རུ་ཆེན་གྱིས་ས་གནས་ས་ཐོག་ཏུ་བརྟག་དཔྱད་དཔང་ལེན་བྱས་པ་བརྒྱུད། ཅང་ཤིས་ཀྲུང་གོ་རྡོ་སོལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་སྤེལ་མཚམས་བཞག་ཡོད།
     མགོ་ལོག་ཀྲོའུ་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་ཁོར་ཡུག་ལ་གནོད་སྐྱོན་བཏང་བར་གུན་གསབ་སྤྲོད་རྒྱུའི་ལམ་ལུགས་སྒྱུར་བཅོས་ཀྱི་ལག་བསྟར་ཇུས་གཞི》ཡི་བླང་བྱ་ལྟར། ཁེ་ལས་དེར་སྣོད་བཅུད་ཁོར་ཡུག་ལ་གནོད་སྐྱོན་བཏང་བར་གུན་གསབ་སྤྲོད་པའི་གོ་རིམ་བཟོ་འགོ་ཚུགས་པ་རེད།
     བརྟག་དཔྱད་དང་། གསལ་འབྱེད། གྲོས་མོལ་གསལ་བཤད་སོགས་ཀྱི་གོ་རིམ་བརྒྱུད། 2020ལོའི་ཟླ་9ཚེས་28ཉིན་མགོ་ལོག་ཀྲོའུ་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་གུན་གསབ་འཇལ་མཁན་ཅང་ཤིས་ཀྲུང་གོ་རྡོ་སོལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་འགན་འཁུར་བ་སྒྲིག་འཛུགས་བྱས་ཏེ་གྲོས་མོལ་ཚོགས་འདུ་འཚོགས་པ་མ་ཟད་བསམ་འཆར་གཅིག་མཐུན་ཡང་བྱུང་བ་དང་། གུན་ཚབ་འཇལ་མཁན་ཅང་ཤིས་ཀྲུང་གོ་རྡོ་སོལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་བྱེ་མ་སྔོག་འདོན་བྱེད་སའི་གསེག་གཞོགས་དང་། ཆུ་འབུད། ར་སྐོར། སྔོ་ལྗང་སླར་གསོ་བཅས་ཀྱི་འགན་འཁུར་རྒྱུ་དང་གུན་གསབ་དངུལ་སྒོར་ཁྲི་10.47སྤྲོད་རྒྱུ་ཁ་གསལ་བཏོན་ཡོད། ཕྱོགས་གཉིས་པོས《སྣོད་བཅུད་ཁོར་ཡུག་གི་གནོད་འཚེའི་གུན་གསབ་གྲོས་མོལ་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་འབྲེལ་མགོ་ལོག་ཀྲོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཁྲིམས་འཛིན་དང་ལེན་བྱ་རྒྱུའི་རེ་ཞུའང་ཕུལ་ཡོད།