འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་29ཉིན།

༄༅༎ཀྲུང་གོ་དང་། མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུའུ། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་
བཅས་ཀྱིས་མཉམ་དུ། དབུལ་པོ་ཉུང་གཏོང་དང་ལྷོ་ལྷོ་མཉམ་ལས་ཀྱི་རིམ་མཐོའི་བརྙན་ལམ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་29ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་། མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུའུ། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་བཅས་ཀྱིས་ཚེས་26ཉིན་དབུལ་པོ་ཉུང་གཏོང་དང་ལྷོ་ལྷོ་མཉམ་ལས་ཀྱི་རིམ་མཐོའི་བརྙན་ལམ་ཚོགས་འདུ་མཉམ་དུ་འཚོགས་པ་དང་། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།
     ཝང་དབྱི་ཡིས་གསུངས་དོན། རྒྱལ་ཁབ་ཁག་ཚང་མར་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་། དཔལ་འབྱོར་བརྟན་དུ་གཏོང་བ། དམངས་འཚོ་འགན་ལེན་བྱེད་པ་བཅས་ཀྱི་དཀའ་ཚེགས་ཆེ་བའི་ལས་འགན་འཕྲད་ཡོད་པས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། འཕེལ་རྒྱས་དོན་གཉེར་བྱེད་པའི་ལམ་བུའི་ཐོག་ཕན་ཚུན་ལག་གདང་སྦྲེལ་ནས་མུ་མཐུད་མདུན་དུ་སྐྱོད་དགོས།
     གཅིག་ནས། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཆོག་པའི་གྲོས་རིམ་གྱི་ལྟེ་བའི་གནས་བབ་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས་པ་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“སྔོན་ལ་འཕེལ་རྒྱས་གཏོང་བའི”འདུ་ཤེས་བཅངས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱི་འདོམས་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་སྔར་ལས་མང་བ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རོགས་ཟླར་འགྱུར་རེ་ཡོད།
     གཉིས་ནས། དབུལ་པོ་དབུལ་རྐྱང་མེད་པ་བཟོ་རྒྱུའི་དམིགས་ཚད་ཨང་དང་པོ་མཉམ་དུ་མངོན་འགྱུར་ཡོང་བ་བྱེད་དགོས་པ་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབུལ་པོ་ཉུང་གཏོང་མཉམ་ལས་ལ་དམིགས་རྒྱུར་སྐུལ་འདེད་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་དགོས་ངེས་ཀྱི་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས་པ་མ་ཟད། ད་དུང་བུད་མེད་དབུལ་སྒྲོལ་ཐུབ་རྒྱུར་དགོས་ངེས་ཀྱི་ཆ་རྐྱེན་ཡང་སྐྲུན་དགོས།
     གསུམ་ནས། མཉམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ལེན་དགོས་པ་སྟེ། རྒྱལ་སྤྱིས་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་རིམས་འགོག་འཕེལ་རིམ་ཁྲོད་འགོ་ཁྲིད་ཀྱི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་ཉི་ཤུ་ཚོགས་པའི“བུ་ལོན་འགྱངས་འཇལ་གྲོས་འགོ”དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
     བཞི་ནས། དུས་རབས་གསར་པའི་ལྷོ་ལྷོ་མཉམ་ལས་ལ་གསོན་ཤུགས་ཆེན་པོ་འཕེལ་བ་བྱེད་དགོས་པ་སྟེ། ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་མཉམ་དུ་དར་རྒྱས་ཡོང་རྒྱུར་གསོན་ཤུགས་གསར་པ་མཁོ་འདོན་བྱེད་དགོས། གྲངས་འཛིན་དཔལ་འབྱོར་དང་5Gསོགས་ཁྱབ་ཁོངས་གསར་པའི་མཉམ་ལས་ཀྱི་གཏིང་ཤུགས་སྔོག་འདོན་ཧུར་ཐག་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ལུགས་མཐུན་ཁེ་དབང་དང་འཕེལ་རྒྱས་བར་མཐོངས་སྲུང་སྐྱོང་བྱེད་དགོས།
     ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་གསུམ་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་ལྔ་པའི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཐོག་ཁྱབ་བསྒྲགས་གནང་བའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ཆད་ལུས་མེད་པར་དོན་འཁྱོལ་བྱ་རྒྱུ་ཡིན། ཀྲུང་གོ་ནི་ནམ་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བློ་བརྟན་འགྱུར་མེད་ཀྱི་གྲས་ཤིག་ཡིན་པས་ནམ་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་དང་མཉམ་དུ་ལངས་རྒྱུ་ཡིན།
     ཚོགས་འདུར་ཞུགས་མཁན་ཕྱོགས་ཁག་གིས་ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་ཚོགས་འདུ་འཚོག་རྒྱུའི་གྲོས་འགོ་བཏོན་པ་དང་སྦྲགས་གཙོ་སྐྱོང་གནང་ནས་འཚོགས་པར་ཚད་མཐོའི་གདེང་འཇོག་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་75འཁོར་བར་དྲན་གསོ་ཞུ་བའི་རིམ་མཐོའི་ཚོགས་འདུ་རབ་དང་རིམ་པའི་ཐོག་བཏོན་གནང་བའི་བྱེད་ཐབས་དང་གྲོས་འགོ་གལ་ཆེན་ཁག་ལ་དགའ་བསུ་ཞུས་པ་དང་སྦྲགས། རྒྱལ་ཁབ་ཁག་ལ་མཐུན་སྒྲིལ་མཉམ་ལས་བྱས་ནས་རིམས་ནད་ལ་ཁ་གཏད་གཅོག་རྒྱུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགོ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་འབོད་སྐུལ་ཡང་གནང་བ་རེད། ཕྱོགས་ཁག་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཆོག་པའི་དམིགས་ཚད་དོན་འཁྱོལ་ལ་ལེགས་སྐྱེས་འབུལ་རྒྱུར་དགའ་བསུ་ཞུས་པ་རེད།