འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་29ཉིན།

༄༅༎ཀྲུང་གོས་རྒྱལ་ཁབ་80ཙམ་གྱི་ཚབ་ཞུས་ནས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག
དབུལ་པོ་སེལ་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་དེ་བས་ལེགས་པ་བྱ་རྒྱུའི་རེ་འབོད་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་29ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་ཁྲེན་ཤུས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་45པའི་ཐོག ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ལཱ་ཏིང་མེ་གླིང་བཅས་ཀྱི་རྒྱལ་ཁབ་80ཙམ་གྱི་ཚབ་ཞུས་ནས་དབུལ་ཕོངས་ཉུང་དུ་བཏང་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་ལ་ཐུན་མོང་གཏམ་བཤད་བྱས་པ་རེད།
     ཁྲེན་ཤུས་ཀྱིས་དབུལ་པོ་སེལ་རྒྱུ་ནི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གྲོས་རིམ་གྱི་དམིགས་ཚད་ཨང་དང་པོ་དང་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། གོ་ལ་ཧྲིལ་པོའི་མི་དུང་ཕྱུར་8ཙམ་གྱི་འཚོ་བ་ཧ་ཅང་དབུལ་པོ་ཡིན་པ་དང་། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། མི་ཁྲི་7100ལྷག་ཙམ་དབུལ་པོར་བསྐྱར་ལོག་བྱེད་ཉེན་ཡོད་པ། དེས་སྤྱི་ཚོགས་འདྲ་མཉམ་མེད་པ་ཇེ་སྡུག་ཏུ་ཕྱིན་པ་མ་ཟད། འཛམ་གླིང་ས་གནས་ཁག་གི་མི་དམངས་ཚོས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཡང་ཐོན་ཡོད། ང་ཚོས་བྱེད་ཐབས་ནུས་ལྡན་གྱི་སྒོ་ནས་དབུལ་ཕོངས་ཇེ་ཉུང་དུ་གཏོང་བ་དང་མེད་པ་བཟོས་ཏེ། དེ་བས་ལེགས་པའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་དང་སྲུང་སྐྱོང་བྱ་རྒྱུའི་རེ་འབོད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཁྲེན་ཤུས་ཀྱིས་ང་ཚོས་རྒྱལ་ཁབ་ཁག་ལ་དབུལ་ཕོངས་ཉུང་དུ་གཏོང་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནང་དོན་གལ་ཆེན་དུ་བརྩིས་ནས་གསར་སྤེལ་རྣམ་པའི་དབུལ་སྐྱོར་དང་གནད་སྨིན་དབུལ་སྐྱོར་ལག་བསྟར་བྱས་ཏེ། དབུལ་ཕོངས་ཉུང་གཏོང་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། ཁོར་ཡུག་བཅས་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་འགན་ལེན་གྱི་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་དང་། མཐུན་སྦྱོར་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཁབ་ཁག་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འགན་ལེན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན་སོགས་ཉམས་ཞན་ཚོགས་སྤྱིའི་ཁེ་དབང་འགན་ལེན་ཏན་ཏིག་བྱེད་པ། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱིས་མི་འབོར་དབུལ་པོར་ཤུགས་རྐྱེན་ཐེབས་རྒྱུ་ཉུང་དུ་གཏོང་བ་བཅས་བྱས་ནས་མི་གཅིག་ཀྱང་མི་ལུས་པ་བྱེད་པ། རྒྱལ་ཁབ་ཁག་གིས་ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། མི་འབོར་དབུལ་པོར་འཕྲོད་བསྟེན་དང་། སློབ་གསོ། རིག་གནས། སྨན་བཅོས་སོགས་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་པ། ལས་ཞུགས་བྱེད་རྒྱ་ཆེར་གཏོང་བཅས་བྱས་ཏེ། མི་འབོར་དབུལ་པོའི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་མཐོ་རུ་གཏོང་དགོས་པ་བཅས་ཀྱི་རེ་འབོད་བྱ་རྒྱུ་ཡིན་ཞེས་བརྗོད།
     ཁྲེན་ཤུས་ཀྱིས་རྒྱལ་ཁབ་ཁག་གིས་དབུལ་པོ་ཉུང་གཏོང་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ལ་དབུལ་པོ་ཉུང་གཏོང་ཐད་རོགས་རམ་དང་ལག་རྩལ་ཐད་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས། ཕྱོགས་ཁག་གིས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་དང་དེའི་ཁོངས་གཏོགས་སྒྲིག་གཞིས་དབུལ་པོ་སེལ་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་བྱེད་པའི་ཐད་ཉམས་མྱོང་སྤེལ་རེས་དང་བྱེད་ཐབས་ལེགས་ཤོས་ལེགས་སྐྱེས་སུ་ཕུལ་ནས། དབུལ་ཕོངས་མེད་པ་བཟོས་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱེད་པའི་གནད་དོན་དེ་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཞིབ་བྱེད་པའི་གནད་དོན་གལ་ཆེན་ཞིག་ཏུ་བརྩི་རྒྱུར་སྐུལ་འདེབས་བྱ་རྒྱུ་ཡིན་ཞེས་བརྗོད།