འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་28ཉིན།

༄༅༎བོད་ལྗོངས་ཀྱི་བཅིངས་འགྲོལ་ཐོབ་པའི་གྲོང་ཚོ་དང་པོར་བགྲེས་སོང་གིས་ལོ་ངོ་70རིང་གི་འཕོ་འགྱུར་གླེང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་28ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་9ཚེས་22ཉིན་སྐམ་ཐོག་གྲོང་ཚོའི་ཡུལ་ལྗོངས་རེད།
འདི་ནི་ཟླ་9ཚེས་22ཉིན་སྐམ་ཐོག་གྲོང་ཚོའི་ཡུལ་ལྗོངས་རེད།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་ཁང་བོད་ལྗོངས་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཤིང་ཁང་དམར་པོ་དང་སྦྱར་རིས་སྦྱར་བའི་སྒེའུ་ཁུང་། གྲོང་ཚོའི་ཀྱག་ཀྱོག་གི་ལམ་ཕྲན། གྲལ་འགྲིག་པོར་ཡོད་པའི་ཁང་པ། ད་དུང་ཁང་པའི་གཡས་གཡོན་ན་ལྷུག་པར་བཞད་པའི་ཡང་བྱོན་མེ་ཏོག་དང་མེ་ཏོག་ཉི་དགའ། ཉི་འཁྱམས་སྟེང་བག་ཕེབས་ངང་ཇ་འཐུང་བཞིན་པའི་གྲོང་མི། རྩེད་འཇོ་ལ་གཡེང་བའི་བྱིས་པ་ཆུང་ཆུང་། གྱང་རྩར་གཉིད་ཅོར་རྒྱག་བཞིན་པའི་སྒོ་ཕྱུགས་སོགས་མིག་མདུན་གྱི་སྐམ་ཐོག་གྲོང་ཚོ་ལ་སྙན་ངག་གི་ཉམས་ཀྱིས་ཕྱུག་འདུག 
     སྐམ་ཐོག་གྲོང་ཚོ་ནི“བོད་ཤར་རྒྱུད་ཀྱི་མུ་ཏིག”སྟེ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དུ་གནས་ཡོད་ཅིང་། བོད་ལྗོངས་ཀྱི་བཅིངས་འགྲོལ་ཐོབ་པའི་གྲོང་ཚོ་དང་པོ་དེ་ཡིན། 1950ལོར་བོད་ལྗོངས་ཀྱི་སྐར་ལྔའི་དར་དམར་དང་པོ་དེ་གར་ལྷབ་ལྷུབ་ཏུ་བསྐྱོད་ཅིང་། ཏག་ཏག་ལོ་དེར་ཆབ་མདོ་བཅིངས་འགྲོལ་ཡང་ཐོབ་པ་རེད།
     ལོ་70ལ་སླེབས་པའི་ཕུར་པའི་ཕ་མེས་ནི་ཕྱུགས་འཚོ་ཞིང་ཞིང་ལས་གཉེར་མཁན་རེད། ལོ་ན་གཞོན་དུས་བུ་ཕྲུག་སློབ་གྲྭར་འགྲོ་དགོས་པས་ཁོ་རང་ཁྱིམ་ནས་ཐོན་ཏེ་ཚོང་ལས་གཉེར་ནས་སློབ་ཡོན་བཙལ་འགོ་བརྩམས། “ད་སྐབས་ནང་བཞིན་ཕྲུ་གུས་དཔེ་ཀློག་བྱས་པ་ཚང་མ་རིན་མེད་ཡིན་པ་མ་རེད”ཅེས་བཤད།
     ཁོང་གིས་ཆབ་མདོར་བཅིངས་འགྲོལ་ཐོབ་རྗེས། གྲོང་མི་རྣམས་རིའི་སྒང་ནས་མར་བབས་པ་མ་ཟད། ད་དུང་ཕྱུགས་ཟོག་དང་ས་ཞིང་ཡང་བགོས་ཡོད། “སྐབས་དེ་དུས་གྲོང་ཚོར་དུད་ཚང་10ཡོད་པ་དང་ད་ཆ་དུད་ཚང་200ཡོད་ལ། མི་འབོར་མི་ཉུང་བ་འཕར་ཡོད”ཅེས་བརྗོད།
     སྐམ་ཐོག་གྲོང་ཚོ་ནི་མཐའ་འཁོབ་ཏུ་གནས་པས་དུས་ཡུན་རིང་པོའི་ནང་གྲོང་ཚོར་སོལ་སྣུམ་གྱི་གློག་སྒྲོན་སྤྱད་པ་རེད། དུས་རབས་གོང་མའི་ལོ་རབས་90པའི་དུས་མཇུག་ཏུ། འདིར་ཆུ་ཤུགས་གློག་ཁང་དང་པོ་བཙུགས་པས་གྲོང་མི་ཚོས་གློག་སྤྱོད་ཐུབ་སོང་མོད། འོན་ཀྱང་མཚམས་རེར་མ་གཏོགས་འདོན་ཐུབ་ཀི་མི་འདུག
     ལོ་10ཡི་གོང་། སྐམ་ཐོག་གྲོང་ཚོར་རྒྱལ་ཁབ་ཀྱི་གློག་དྲ་ཆེ་མོ་ཤར་གཏོང་ཐུབ་ཡོད། ཕུར་པས“ཁྱིམ་ཚང་ཚང་མས་ཁྱིམ་སྤྱོད་གློག་ཆས་ཉོས་ལ། ཁྱིམ་མི་མང་བའི་དུད་ཚང་ཁ་ཤས་ཀྱིས་ཐེངས་གཅིག་ལ་བརྙན་འཕྲིན་གསུམ་བཞི་ཉོས་པ་རེད”ཅེས་ངོ་སྤྲོད་བྱས།
     ཁོང་གིས། སྐམ་ཐོག་གྲོང་ཚོ་གནས་སའི་འཇོ་མདའ་རྫོང་ནི་མཚོ་སྔོན་དང་སི་ཁྲོན་དང་མཐའ་འབྲེལ་བས། ས་རྒྱུས་ཀྱི་ལེགས་ཆར་བརྟེན་ནས་སྐམ་ཐོག་གི་མི་མང་ཆེ་བས་ཚོང་རྒྱག་ཤེས་ཀྱི་ཡོད་ལ། ཕྱིར་བསྐྱོད་ནས་ཞོར་ལས་ཀྱང་ལས་ཤེས་པ་རེད། འགའ་རེས་ད་དུང་སྲིད་གཞུང་གི་རོགས་སྐྱོར་ལ་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་བཙུགས་ནས“ཡུལ་སྐོར་གྱི་ཟ་མ”ཟ་བཞིན་ཡོད།
     ལོ་63ལ་སླེབས་པའི་ཀུན་བཟང་དགེ་ལེགས་ནི་ཕུར་པ་དང་གྲོང་ཚོ་གཅིག་པ་ཡིན། མི་རབས་ནས་མི་རབས་བར་དེ་གར་འཚོ་བ་སྐྱེལ་ཡོད། དུས་རབས་གོང་མའི་ལོ་རབས་70པའི་དུས་འགོར། ཁོང་གིས་སྐྱེལ་འདྲེན་གྱི་ཚོང་བརྒྱབ་པ་དང་ཞིང་པ་ནས་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར་གྱུར་ཏེ་འཚོ་བ་ཡང་ལེགས་སུ་ཕྱིན་ཡོད།
     དུས་རབས་གོང་མའི་ལོ་རབས་བདུན་ཅུ་དང་ལོ་རབས་བརྒྱད་ཅུར་བོད་ལྗོངས་ཀྱི་ལམ་གྱི་གནས་ཚུལ་ཧ་ཅང་སྡུག་པོ་ཡིན་ལ། ས་ཆ་ཁ་ཤས་སུ་ཐ་ན་འགྲོ་ལམ་གང་ཡང་མེད། སྐམ་ཐོག་གྲོང་ཚོ་ནས་ལྷ་ས་བར། ཀུན་བཟང་དགེ་ལེགས་ཀྱིས་ཉིན་བདུན་བརྒྱད་ཙམ་ལ་རླངས་འཁོར་གཏོང་གི་ཡོད། སྤྱིར་བཏང་བོད་ལྗོངས་བྱང་ལམ་བརྒྱུད་ནག་ཆུར་བསྐྱོད་ན་ཅུང་བདེ་བླག་ཡིན་མོད། འོན་ཀྱང་གལ་ཏེ་ཁ་བ་ཆེན་པོ་བབས་པ་དང་རི་ཉིལ་བ། འདམ་རྡོའི་ཆུ་རུད་ཐོན་པ་བཅས་བྱུང་ཚེ་ཉིན་10ལྷག་ཙམ་སོང་ཡང་ཧ་ལས་རྒྱུ་ཡོད་མ་རེད”ཅེས་བཤད།
     ལོ་བཅུ་ཕྲག་ཁ་ཤས་རིང་སྐྱེལ་འདྲེན་གྱི་ཚོང་གཉེར་བར་ཀུན་བཟང་དགེ་ལེགས་ཀྱིས་རླངས་འཁོར་7བརྗེས་པ་དང་། བོད་ལྗོངས་ཤར་རྒྱུད་དང་ཐ་ན་བོད་ལྗོངས་ཀྱི་འགྲིམ་འགྲུལ་ལམ་མེད་པ་ནས་ས་ལམ་ཡོད་པ། དེ་ནས་གཞུང་ལམ་ཡོད་པའི་འགྱུར་ལྡོག་བརྒྱུད་ཡོད། འཁོར་སྒྲོམ་ཆུང་ཆུང་ནང་གི་དངོས་ཟོག་དེ་ཤིང་ཆ་དང་ཇ། ཨར་འདམ་གྱི་ཨར་ལས་རྒྱུ་ཆ་བཅས་ནས་རྒྱ་ཐུག་དང་འོ་མར་གྱུར་ནས། མི་རྣམས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་འགྱུར་ལྡོག་བདེན་དཔང་བྱས་ཡོད། “ད་ཆ་ཨར་འདམ་ལམ་ཚང་མ་སྒོ་འགྲམ་བར་དུ་སླེབས་ཡོད”ཅེས་ཁོང་གིས་བཤད། 
     ལོ་བཞི་ལྔའི་གོང་དུ་ཀུན་བཟང་དགེ་ལེགས་ལས་འཁྱུར་ངལ་གསོ་བྱས། ཁོང་གི་བུ་ཕྲུག་བཞི་པོས་ལྷ་སར་ཚོང་གཉེར་བཞིན་ཡོད། དེར་བརྟེན་ལོ་གཅིག་ནང་ཟླ་9རིང་བུ་ཕྲུག་དང་མཉམ་དུ་ལྷ་སར་འཚོ་བ་སྐྱེལ་གྱི་ཡོད་པ་དང་དེ་བྱིངས་ཀྱི་དུས་ཚོད་ནང་ཕ་ཡུལ་དུ་སྡོད་ཀྱི་ཡོད། གནམ་གྲུར་བསྡད་ནས་འགྲོ་འོང་བྱས་ཆོག་ཀྱང་། ཀུན་བཟང་དགེ་ལེགས་ཀྱིས“རོགས་པ་རྒན་གྲས”ཏེ་དངོས་སྐྱེལ་རླངས་འཁོར་བཏང་ནས་ལྷ་སར་འགྲོ་ཡི་ཡོད། “ད་ལྟ་ལམ་ཧ་ཅང་ཡག་པས་སྤྱི་ལེ་1000ལྷག་ཙམ་གྱི་ལམ་ཐག་ལ་ང་ཉིན་གཅིག་དང་ཕྱེད་ཀར་སླེབས་ཐུབ”ཅེས་བཤད།
     ཀུན་བཟང་དགེ་ལེགས་ཀྱིས་བཤད་པ་ཇི་བཞིན། ཆབ་མདོ་བཅིངས་འགྲོལ་ཐོབ་ནས་ལོ་70ཡི་རིང་འགྲིམ་འགྲུལ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་གཞུང་ལམ་གྱི་ལམ་ཚད་ལྡབ་འཕར་བྱུང་ཡོད། མིག་སྔར་གྲོང་ཁྱེར་དེ་ཡོངས་ཀྱི་ཤང་གྲོང་138དང་སྲིད་འཛིན་གྲོང་ཚོ་1142ཀྱི་ཤར་གཏོང་ཐུབ་ཚད་100%ཟིན་ཡོད་པ་རེད། ཀུན་བཟང་དགེ་ལེགས་ཀྱིས་འབྱུང་འགྱུར་ལོ་ཤས་རིང་ཆབ་མདོའི་འགྲིམ་འགྲུལ་སླར་ཡང་ཇེ་མགྱོགས་སུ་འགྲོ་བ་དང་། ཕུག་ལམ་ཤར་གཏོང་ཐུབ་པ་དང་། རིམ་པ་མཐོ་བའི་གཞུང་ལམ་སྔར་བས་མང་བ་བཟོ་རྒྱུའི་རེ་བ་བྱེད་ཀྱི་ཡོད།