འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་25ཉིན།

༄༅༎ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིའི་འགོ་ཁྲིད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཀྲུང་གོ་
དང་འབྲེལ་བའི་གཏམ་བཤད་སྐོར་གཏམ་བཤད་སྤེལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་24ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་23ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཨ་རིའི་འགོ་ཁྲིད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཀྲུང་གོ་དང་འབྲེལ་བའི་གཏམ་བཤད་སྐོར་གཏམ་བཤད་སྤེལ་ལ། ནང་དོན་ཆ་ཚང་གཤམ་གསལ།
     བློ་ཕམ་དགོས་པ་ཞིག་ནི་ཨ་རི་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཆད་སྟེགས་སྤྱད་ནས། དོན་དངོས་སྣང་མེད་དུ་བཞག་ཅིང་རྫུན་གཏམ་བཟོས་པ་དང་། གཞན་ལ་བཤད་མི་ཕོད་པའི་ཆབ་སྲིད་དམིགས་ཡུལ་གྱི་ཆེད་དུ། ཀྲུང་གོར་དོན་མེད་སྐྱོན་འཛུགས་དང་ནག་བཟོ་བྱས་པས། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་བྱ་སྤྱོད་ནི་འཛམ་གླིང་ཡོངས་ལ་འཕྲད་པའི་འཇིགས་སྐུལ་ཚབས་ཆེ་ཤོས་ཤིག་ཡིན་པ་དོན་དངོས་ཐོག་ནས་སླར་ཡང་ར་འཕྲོད་བྱུང་ཡོད།
     རྫུན་གཏམ་གྱིས་དོན་དངོས་ཀྱི་ཚབ་བྱེད་མི་ཐུབ། ཀྲུང་གོས་རིམས་ནད་ལ་ཁ་གཏད་འཇལ་བའི་མཚོན་ཚུལ་འཛམ་གླིང་ཡོངས་ཀྱིས་གསལ་པོར་མཐོང་ཡོད་པས། མི་དམངས་ཀུན་ལ་གསལ། ཏོག་གསར་ནད་དུག་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་དགྲ་བོ་ཡིན། ཀྲུང་གོ་ནི་ནད་དུག་ཕོག་པའི་རྒྱལ་ཁབ་ཅིག་ཡིན་ལ། གོ་ལ་ཧྲིལ་པོའི་རིམས་འགོག་ཐད་ལེགས་སྐྱེས་ཕུལ་བའི་རྒྱལ་ཁབ་ཅིག་ཀྱང་ཡིན། ཀྲུང་གོས་འཕྲལ་མ་ཉིད་དུ་རིམས་ནད་བྱུང་ཚུལ་སྙན་སེང་ཞུས་པ་དང་། འཕྲལ་མ་ཉིད་དུ་ནད་ཀྱི་འབྱུང་རྩ་གཏན་འཁེལ་བྱས་ནས་འཛམ་གླིང་ལ་གཞི་རྒྱུའི་རིམ་སྟར་མཉམ་སྤྱོད་བྱས་ཡོད། ནད་དུག་དེ་མི་ལ་འགོས་པའི་སྣང་ཚུལ་བྱུང་རྗེས། ཀྲུང་གོས་འཕྲལ་མ་ཉིད་དུ་ཝུའུ་ཧན་ནས་ཕྱི་ལ་འགྲོ་སའི་བགྲོད་ལམ་གྱི་སྒོ་རྒྱག་རྒྱུ་འཕྲལ་ཐག་བཅད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་ཕྱི་ཕྱོགས་བགྲོད་ལམ་བཀག་སྡོམ་དང་འགྲིམ་འགྲུལ་དོ་དམ་ཚོད་འཛིན་ནན་ཤོས་ལག་བསྟར་བྱས་པ་རེད། ཀྲུང་གོའི་འགག་སྒོས་རྒྱལ་ཡོངས་ས་གནས་ཁག་ནས་ཕྱིར་སྐྱོད་རྩིས་ཡོད་པའི་མི་སྣའི་ཁྲོད་ནས་ཤེས་རྟོགས་བྱུང་བའི“མི་སྣ་རིགས་བཞི”རྒྱལ་མཚམས་ནས་ཐོན་རྒྱུ་ཁྲིམས་ལྟར་བཀག་འགོག་བྱས་པ་རེད། ཟླ་1ཚེས་23ཉིན་ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཧན་ནས་ཕྱི་ལ་འགྲོ་སའི་བགྲོད་ལམ་གྱི་སྒོ་རྒྱག་སྐབས། ཀྲུང་གོ་ཕུད་པའི་རྒྱལ་ཁབ་དང་ས་ཁུལ་དུ་བསྡོམས་པས་ནད་དཔེ་9ལས་མེད་ཅིང་ཨ་རིར་ནད་དཔེ་1ལས་མེད། ཟླ་1ཚེས་31ཉིན་ཨ་རིས་ཀྲུང་གོ་དང་ཨ་རིའི་བར་གྱི་ཐད་གཏོང་གནམ་གྲུ་འཕུར་མཚམས་བཞག་ལ། ཟླ་2ཚེས་2ཉིན་ཨ་རིས་ཀྲུང་གོའི་སྤྱི་དམངས་ཡོངས་ལ་མཐའ་མཚམས་བཀག་སྡོམ་བྱས་པ་དང་སྐབས་དེ་དུས་ཨ་རིས་ཡོངས་བསྒྲགས་བྱས་པའི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་10ལྷག་ལས་མེད། ཀྲུང་གོའི་རིམས་འགོག་བྱ་སྤྱོད་ཡོངས་བསྒྲགས་ཁ་གསལ་དང་། དུས་ཚོད་ཀྱི་འཕྲེད་ཐིག་གསལ་ཞིང་། དོན་དངོས་ཀྱི་གྲངས་གཞི་གསལ་པོར་མཐོང་ཐུབ།
     ཨ་རིས་རིམས་ནད་ཀྱི་གནད་དོན་ཐད་ཀྲུང་གོར་དོན་མེད་སྐྱོན་འཛུགས་ཡང་ཡང་བྱས་པའི་དམིགས་ཡུལ་ནི་རང་ཉིད་རྒྱལ་ཁབ་ཀྱིས་རིམས་ནད་ལ་ཁ་གཏད་འཇལ་ནུས་ཞན་པའི་འགན་འཁྲི་མི་གཞན་ལ་དཀྲི་འདོད་པའི་རེ་ངན་བཅངས་པ་ཡིན་པས། དེ་ནི་ངལ་བ་འབྲས་མེད་རང་རེད། ཨ་རི་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་དོན་མེད་ཚུར་རྒོལ་བྱས་པ་མ་ཟད་དེའི་ཁོངས་ནས་ཕྱིར་བུད་ནས། གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས་ལ་ཉེན་ཁ་བཟོས་པ་དང་། དེས་འཛམ་གླིང་མི་དམངས་ལ་གནོད་འཚེ་བཟོས་པ་མ་ཟད། རང་ཉིད་རྒྱལ་ཁབ་ཀྱི་མི་དམངས་ལ་མུ་མཐུད་དུ་རིན་དོད་ཆེན་པོ་གཏོང་དུ་འཇུག་སྲིད། ཨ་རིས་ད་ལྟ་བྱེད་དགོས་པ་ནི་ཆབ་སྲིད་ཀྱི་མགོ་སྐོར་གཏོང་མཚམས་འཇོག་པ་དང་། ནད་དུག་རྟགས་མཚོན་ཅན་དང་ཆབ་སྲིད་ཅན་དུ་གཏོང་བའི་བྱེད་ཐབས་དོར་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་དགོས་པ་ཡིན་པ་ལས། རང་འགན་གཞན་དཀྲི་དང་མི་གཞན་ལ་དམའ་འབེབས་བྱེད་པ་མིན།
     གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ཐད་ཀྱི་དོན་དངོས་ཀྱང་གསལ་པོ་ཡིན། ཀྲུང་གོས་རང་ངོས་ཀྱི་འཕེལ་རྒྱས་དུས་རིམ་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་རྒྱལ་སྤྱིའི་འགན་འཁྲི་ཧུར་ཐག་འཁུར་ནས། སྲིད་ཇུས་ཀྱི་བྱ་སྤྱོད་རབ་དང་རིམ་པ་ལག་བསྟར་བྱས་པའི་གྲུབ་འབྲས་ནི་ཚང་མས་མཐོང་གསལ་རེད། ང་ཚོས་2020ལོའི་གནམ་གཤིས་བྱ་འགུལ་གྱི་དམིགས་ཚད་སྔ་སྣུར་དུ་ལེགས་སྒྲུབ་བྱས་ཏེ་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོའི་རྫས་འགྱུར་དང་རྡོ་སྣུམ་མིན་པའི་ནུས་ཁུངས་ཀྱིས་ནུས་ཁུངས་འཛད་སྤྱོད་བསྡོམས་འབོར་ཁྲོད་ཟིན་པའི་བསྡུར་ཚད་བརྒྱ་ཆ་15ཙམ་འཕར་ཡོད། བསྐྱར་སྐྱེས་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་གྱིས་གོ་ལ་ཧྲིལ་པོའི་30%བཟུང་བ་དང་གོ་ལ་ཧྲིལ་པོའི་འཕར་ཚད་ཁྲོད་44%བཟུང་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་ཡོད་ཚད་གོ་ལ་ཧྲིལ་པོའི་ཕྱེད་ཀ་ཡན་བཟུང་ཡོད། 2000ལོ་ནས་བཟུང་གོ་ལ་ཧྲིལ་པོའི་སྔོ་འགྱུར་རྒྱ་ཁྱོན་གྱི་བཞི་ཆ་གཅིག་ནི་ཀྲུང་གོ་ནས་ཡོང་བ་རེད། ཀྲུང་གོས་རྒྱལ་ཁབ་ཀྱི་རང་བདག་ལེགས་སྐྱེས་འཇོག་ཤུགས་གསར་སྒྱུར་དང་མཐོར་འདེགས་བཏང་ནས། དེ་བས་ནུས་ལྡན་གྱི་སྲིད་ཇུས་དང་བྱ་ཐབས་སྤྱད་དེ་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་བྱེད་ཚད་2030ལོའི་གོང་མཐོ་ཤོས་སུ་སླེབས་པར་བརྩོན་ལེན་བྱ་རྒྱུ་དང་། 2060ལོའི་གོང་ཐཱན་སྙོམས་འགྱུར་མངོན་འགྱུར་བྱེད་པར་བརྩོན་ལེན་ཧུར་ཐག་བྱ་རྒྱུ་ཡིན། དེ་ལས་གོམ་གང་མདུན་སྤོས་ཀྱིས་ཀྲུང་གོས་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱེད་པའི་ཕུགས་འདུན་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འགན་འཁྲི་འཁུར་སེམས་མཚོན་ཡོད།
     ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་ཡོད་དེ། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཆིངས་འཇོག་རྒྱལ་ཁབ་ཁག་དང་པོ་ཡིན་པ་མ་ཟད། 《ཁེ་ཡོ་ཐོའི་གྲོས་ཆོད་ཡི་གེ》དང《ཕ་རི་སིའི་གྲོས་ཆོད》དང་དེའི་ལག་བསྟར་ཞིབ་སྲོལ་ལ་མིང་རྟགས་འགོད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་པར་བརྟེན། 2019ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་མ་ཏེ་རིའི་ཚོགས་འདུའི་ཐོག་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་ཕྱོགས་ཁག་གི་གནམ་གཤིས་བཅོས་སྐྱོང་གི་ཐུན་མོང་ངོས་འཛིན་མཚོན་པའི་གཏན་འབེབས་རབ་དང་རིམ་པར་གྲོས་འཆམ་བྱུང་ནས་རྗེས་མཐུད་གྲོས་མོལ་ལ་རྨང་གཞི་བཏིང་ཡོད།
     ཨ་རི་ལ་བལྟས་ན། གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་དྲོད་ཁང་རླུང་གཟུགས་འབུད་ཚད་མང་ཤོས་ཀྱི་རྒྱལ་ཁབ་ཡིན་པའི་ངོས་ནས་ཨ་རིས《ཁེ་ཡོ་ཐོའི་གྲོས་ཆོད་ཡི་གེར》ཆོག་མཆན་བཀོད་མེད་པ་མ་ཟད། 《ཕ་རི་སིའི་ཆོད་ཡིག》ནས་ཕྱིར་བུད་ནས། རང་ངོས་ཀྱི་གཅུན་སྡོམ་རང་བཞིན་གྱི་ཚད་འབེབས་བཙོག་འབུད་ཉུང་གཏོང་གི་ལས་འགན་རྩིས་མེད་དུ་བཏང་ཞིང་། སའི་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་ཆེད་ཚད་གཞི་དམའ་ཤོས་ཀྱི་བྱ་སྤྱོད་སྤེལ་རྒྱུ་དང་ལེན་བྱས་མེད་པས། གོ་ལ་ཧྲིལ་པོའི་ཐཱན་འབུད་མ་ལག་དང་བཀོད་སྒྲིག་ལས་རྦད་དེ་ལོགས་སུ་བུད་པས་གོ་ལ་ཧྲིལ་པོའི་བཙོག་འབུད་ཉུང་གཏོང་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འབྲེལ་ཡོད་འཕེལ་རིམ་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཡོད། ཨ་རི་ནི་འཛམ་གླིང་ཐོག་སྲ་གཟུགས་ཟོག་རོ་ཕྱིར་གཏོང་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་དང་མི་རེའི་ཆ་སྙོམས་སྤོས་འགྱིག་འཛད་སྤྱོད་བྱེད་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་མོད། འོན་ཀྱང《པ་སེར་སྤྱི་ཆིངས》ལ་ཆོག་མཆན་བཀོད་པ་དང་ལེན་མ་བྱས་ནས། གོ་ལ་ཧྲིལ་པོའི་སྤོས་འགྱིག་གད་སྙིགས་སོགས་བཅོས་སྐྱོང་གི་འཕེལ་རིམ་ལ་འགོག་རྐྱེན་བཟོས་ཏེ་གད་སྙིགས་འབོར་ཆེན་ཞིག་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་སྤོས་ནས་ས་གནས་དེ་ག་དང་གོ་ལ་ཧྲིལ་པོའི་ཁོར་ཡུག་ལ་གནོད་འཚེ་ཧ་ཅང་ཆེན་པོ་བཟོས་ཡོད། རྒྱལ་ཁབ་འདི་འདྲ་ཞིག་ལ་ཀྲུང་གོར་སྐྱོན་འཛུགས་བྱེད་པའི་ཐོབ་ཐང་ཅི་ཞིག་ཡོད་དམ།
    ང་ཚོས་ཨ་རིའི་ཕྱོགས་ལ་ཆབ་སྲིད་ཀྱི་རྩེད་མོ་རྩེད་མཚམས་འཇོག་པ་དང་། ཕྱོགས་རྐྱང་རིང་ལུགས་དོར་ནས་འཛམ་གླིང་ལ་འཁུར་འོས་པའི་འགན་འཁྲི་བསྒྲུབ་དགོས་པའི་གསལ་འདེབས་བྱ་རྒྱུ་ཡིན།