འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་24ཉིན།

༄༅༎2020ལོའི་ནོ་པེར་བྱ་དགའ་སྤྲོད་པའི་མཛད་སྒོ་ཏོག་གསར་གློ་ཚད་ཀྱི་རྐྱེན་པས་དྲ་ཐོག་ཏུ་སྤེལ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་23ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་སི་ཐོག་ཁོར་མོ་ནས་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ནོ་པེར་ཐེབས་རྩ་ལྷན་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ལར་སི་ཧའེ་ཁེན་སི་ཐེང་གིས་ཏོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས། ད་ལོའི་ཟླ་12པར་སྲོལ་རྒྱུན་གྱི་ནོ་པེར་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་དྲ་ཐོག་ཏུ་གཉེར་རྒྱུ་ཡིན་ཞེས་བསྟན་པ་རེད།
     ཧའེ་ཁེན་སི་ཐིང་གིས་ཉིན་དེར་སུའེ་ཏེན་བརྙན་འཕྲིན་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། ཏོག་གསར་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པའི་རྐྱེན་གྱིས་ནོ་པེར་ཐེབས་རྩ་ལྷན་ཚོགས་ཀྱིས་མ་གཞི་ཟླ་12ཚེས་10ཉིན་སུའེ་ཏེན་གྱི་རྒྱལ་ས་སི་ཐོག་ཁོར་མོ་རུ་སྤེལ་རྒྱུ་ཡིན་པའི་ནོ་པེར་བྱ་དགའ་སྤྲོད་པའི་མཛད་སྒོ་མེད་པར་བཟོ་རྒྱུའི་གཏན་འབེབས་བྱས་ཡོད། བྱ་དགའ་ཐོབ་མཁན་རྒྱུན་སྲོལ་ལྟར་སི་ཐོག་ཁོར་མོ་ལ་གདན་འདྲེན་མི་བྱེད་པར་རང་སོ་སོའི་རྒྱལ་ཁབ་ནས་འབྲེལ་ཡོད་བྱ་དགའ་སྤྲོད་རྒྱུ་ཡིན་ཅེས་བརྗོད།
     ཧའེ་ཁེན་སི་ཐེང་གིས། ད་ལོའི་བྱ་དགའ་ཐོབ་མཁན་གྱིས་སུའེ་ཏེན་གྱི་འབྲེལ་ཡོད་རྒྱལ་ཁབ་ཏུ་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་ངམ་ཡང་ན་དེས་ཞིབ་འཇུག་བྱེད་སའི་སློབ་ཆེན་དུ་ནོ་པེར་བྱ་དགའ་དང་ལག་ཁྱེར་སྤྲོད་རྒྱུ་དང་། གཙོ་གཉེར་ཕྱོགས་ཀྱིས་སི་ཐོག་ཁོར་མོའི་གྲོང་ཁྱེར་སྲིད་དོན་ཐིང་དུ་དྲ་ཐོག་གི་བྱ་དགའ་སྤྲོད་པའི་མཛད་སྒོ་ཐད་གཏོང་བྱ་རྒྱུ་རེད་ཅེས་བརྗོད།
     ནོ་པེར་ཐེབས་རྩ་ཚོགས་པས་ཟླ་7པར། ཟླ་10པར་ནོ་པེར་བྱ་དགའི་རྣམ་གྲངས་ཁག་གི་མིང་ཐོ་སྔར་རྒྱུན་ལྟར་ཁྱབ་བསྒྲགས་བྱ་རྒྱུ་ཡིན་མོད། འོན་ཀྱང་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ཟླ་12པར་ལོ་གཅིག་དུས་གཅིག་གི་ནོ་པེར་བྱ་དགའ་སྤྲོད་པའི་དགོང་མོའི་གསོལ་སྟོན་འཚོག་རྒྱུ་མིན་ཞེས་བསྒྲགས་ཡོད།
     ཟླ་12པའི་ཚེས་10ཉིན་ནི་སུའེ་ཏེན་གྱི་རྫས་འགྱུར་རིག་པ་བ་དང་གསར་གཏོད་པ་ནོ་པེར་སྐུ་གཤེགས་པའི་དྲན་གསོའི་ཉིན་མོ་ཡིན་པས། ལོ་རེའི་ནོ་པེར་བྱ་དགའ་སྤྲོད་པའི་མཛད་སྒོ་ཉིན་དེར་བཀོད་སྒྲིག་བྱས་ཡོད། རྒྱུན་སྲོལ་ལྟར་ན། ལོ་དེའི་བྱ་དགའ་ཐོབ་མཁན་སི་ཐོག་ཁོར་མོར་བྱ་དགའ་སྤྲོད་པའི་མཛད་སྒོ་དང་དགོང་མོའི་གསོལ་སྟོན་ལ་ཞུགས་དགོས་པ་མ་ཟད། བྱ་དགའ་ཐོབ་མཁན་གྱི་འཆད་ཁྲིད་དང་རོལ་དབྱངས་འདུ་ཚོགས་སོགས་ནོ་པེར་གཟའ་འཁོར་གྱི་བྱེད་སྒོ་རབ་དང་རིམ་པའི་ནང་ཞུགས་དགོས་པ་རེད།