འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་14ཉིན།

༄༅།།པར་ཙིར་གྱིས་ཀྲུང་གོ་དང་འཐབ་ཇུས་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་པ།

—— པར་ཙིར་གྱི་ཙུང་ཐུང་གཞོན་པ་མོ་ལང་ལ་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་14ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་ནས་གློག་འཕྲིན་འབྱོར་གསལ། “པར་ཀྲུང་དཔལ་འབྱོར་ལ་ཕན་གསབ་རང་བཞིན་ཆེན་པོ་ལྡན་པས་ཕྱོགས་གཉིས་པོའི་ཚོང་དོན་སྣ་མང་ཅན་གྱི་འཕེལ་རྒྱས་ལ་མདུན་ལམ་ཆེན་པོ་ལྡན་ཡོད། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་གཞོལ་ནས་ཕྱོགས་གཉིས་པོའི་འཐབ་ཇུས་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་མ་འཇོག་དེ་བས་མང་བ་པར་ཙིར་དུ་འདྲེན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན”ཞེས་པར་ཙིར་གྱི་ཙུང་ཐུང་གཞོན་པ་མོ་ལང་གིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
     མོ་ལང་གིས་རང་སོ་སོ་གནས་སའི་སའི་གོ་ལ་ཕྱེད་མའི་ཐོག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་པར་ཙིར་དང་ཀྲུང་གོ་གཉིས་རྒྱལ་སྤྱིའི་གར་སྟེགས་ཐོག་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། པ་ཀྲུང་རྒྱལ་ཁབ་གཉིས་ནི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། 2009ལོ་ནས་བཟུང་ཀྲུང་གོ་ནི་པར་ཙིར་གྱི་ཚོང་དོན་རོགས་ཟླ་གལ་ཆེ་ཤོས་ཤིག་ཡིན་ལ། པར་ཙིར་གྱི་ཕྱི་དངུལ་ཡོང་ཁུངས་གཙོ་བོའི་རྒྱལ་ཁབ་ཀྱི་གྲས་ཤིག་ཀྱང་ཡིན། ཀྲུང་གོའི་ངོས་བརྗོད་ན། པར་ཙིར་ནི་བརྟན་པོ་དང་ཡིད་ཆེས་ཆོག་པའི་ཞིང་ཞོར་ཐོན་ཟོག་མཁོ་འདོན་མཁན་ཞིག་ཡིན་ཞེས་བརྗོད།
    མོ་ལང་གིས་འདི་ལོ་ནས་བཟུང་ཀྲུང་གོའི་ཁྲོམ་རའི་ཐོག་ཡང་པར་ཙིར་གྱི་གལ་ཆེན་རང་བཞིན་སྔར་བས་མཐོ་རུ་ཕྱིན་ནས་པར་ཙིར་གྱི་སྲན་ཆེན་དང་ཤ་རིགས་སོགས་ཞིང་འབྲོག་ཐོན་རྫས་ཀྲུང་གོར་གཏོང་བའི་བསྡུར་ཚད་མུ་མཐུད་མང་དུ་ཕྱིན་ཡོད། ཁོང་གིས་འབྱུང་འགྱུར་ཕྱོགས་གཉིས་པོས་ཚོང་དོན་སྣ་མང་ཅན་སྔར་བས་མངོན་འགྱུར་ཡོང་བ་བྱས་ནས་ཞབས་ཞུའི་ལས་རིགས་དང་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་ཚོང་དོན་མང་དུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།
    མི་རིང་བའི་གོང་། པར་ཙིར་གྱི་རྒྱལ་ཚོགས་ཀྱིས་པར་ཙིར་འདི་ཉིད་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནང་ཞུགས་རྒྱུར་དངོས་སུ་ཆོག་མཆན་སྤྲད་ཡོད། འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གསར་པས་ཀྱང་པར་ཙིར་གྱི་གྲོང་ཁྱེར་ཆེ་ཤོས་ཧྲེང་པའོ་ལུའོ་རུ་ཨ་མེ་རི་ཁ་གླིང་གི་ས་ཁོངས་གཞུང་ལས་ཁང་བཙུགས་ཡོད། མོ་ལང་གིས་དངུལ་རྩའི་སྒྲིག་གཞི་དེ་དག་གིས་པར་ཙིར་ལ་མ་འཇོག་དེ་བས་མང་བ་བྱས་ནས་པར་ཙིར་གྱི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་ཅིང་། ཁོང་གིས་ད་དུང་ཀྲུང་གོའི་མ་འཇོག་ཁེ་ལས་ལ་མ་དངུལ་དང་ལག་རྩལ་གྱི་ལེགས་ཆ་ལྡན་པ་མ་ཟད། པར་ཙིར་གྱི་ཁྲོམ་རར་ཡང་དགའ་པོ་བྱེད་པའི་ངོས་འཛིན་བྱས་ཡོད། པར་ཙིར་སྲིད་གཞུང་གིས་ཕྱི་ཕྱོགས་སུ་འོས་སྐུལ་འོས་དཔོད་ཀྱི་འཆར་གཞི་རབ་དང་རིམ་པ་བཟོས་ནས་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་བྱེད་པ་དང་ལྷག་པར་དུ་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་སུ་མ་འཇོག་ཧུར་ཐག་བྱས་ནས་པར་ཙིར་གྱི་འབྲིང་སྟོད་འཕེལ་རྒྱས་ནང་ཞུགས་རྒྱུའི་རེ་བ་ཡོད་ཅེས་བརྗོད།
    མོ་ལང་གིས་ད་དུང་པར་ཙིར་གྱིས་ཡ་མ་སུན་ས་ཁུལ་དུ་སྤེལ་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་གྲངས་ནང་ཀྲུང་གོ་ཞུགས་ནས་ས་གནས་དེ་གའི་རྨང་གཞིའི་སྒྲིག་བཀོད་དང་། སྐྱེ་དངོས་དཔལ་འབྱོར། ཐཱན་ཉུང་ཞིང་ལས་བཅས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད།
    5Gསྐོར་གྱི་གནད་དོན་གླེང་སྐབས་མོ་ལང་གིས 5Gནི་འཕྲིན་གཏོང་ཁྱབ་ཁོངས་ཀྱི་གསར་བཅོས་གལ་ཆེན་ཞིག་ཡིན་པས་མིས་བཟོས་རིག་ནུས་དང་ཟོག་འགྲེམས་དྲ་རྒྱ་སོགས་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། པར་ཙིར་སྲིད་གཞུང་གིས་ཕྱི་ལོའི་ལོ་སྟོད་དུ་5Gརྣམ་གྲངས་ལ་འོས་སྐུལ་འོས་དཔོད་བྱ་རྒྱུ་རེད་ཅེས་བརྗོད་ཅིང་། ཁོང་གིས“ང་ཚོས་འོས་སྐུལ་འོས་དཔོད་ནང་ཞུགས་མཁན་ཁེ་ལས་ལ་མཐོང་ཆུང་རང་བཞིན་གྱི་སྲིད་ཇུས་མི་སྤྱོད་པ་དང་དམིགས་གཏན་འཁེལ་བའི་རྒྱལ་ཁབ་ཀྱི་ཁེ་ལས་ཞུགས་མི་ཆོག་པའི་ཚད་བཀག་བཟོ་མི་སྲིད། ང་ཚོས་འོས་སྐུལ་འོས་དཔོད་ནང་ཞུགས་མཁན་ཁེ་ལས་ཀྱི་ལག་རྩལ་ཆུ་ཚད་དང་ཐོན་རྫས་ཀྱི་སྤུས་ཚད་དང་དེ་བཞིན་རིན་གོང་བཅས་ཀྱི་འགྲན་རྩོད་ནུས་པ་ཡོད་མེད་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་བྱེད་སྲིད”ཅེས་བརྗོད།
    ཁོང་གིས་ད་དུང་ཀྲུང་གོའི་ཁེ་ལས་ཧྭ་ཝུའེ་པར་ཙིར་གྱི་ཁྲོམ་རར་ཚོང་གཉེར་ལོ་མང་བྱས་ཡོད། དེ་ནི་འཕྲིན་གཏོང་སྒྲིག་ཆས་མཁོ་འདོན་བྱེད་མཁན་གྱི་ཁེ་ལས་གལ་ཆེན་ཞིག་རེད། ཧྭ་ཝུའེ་མེད་ན། པར་ཙིར་གྱི་5Gདྲ་རྒྱ་བསྐྲུན་རྒྱུ་ནར་འགྱངས་བྱེད་སྲིད་ཅེས་ནན་བཤད་བྱས།
    མོ་ལང་གིས་འདི་ལོ་ཏོག་གསར་གློ་ཚད་རིམས་ནད་ཐོན་ནས་ཕྱོགས་གཉིས་པོའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་ངེས་ཅན་བཟོས་ཡོད་མོད། འོན་ཀྱང་པ་ཀྲུང་ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་དང་། མཉམ་ལས། མཐུན་སྒྲིལ་བཅས་ལ་ཤུགས་སྣོན་བརྒྱབ་ནས། པར་ཙིར་དང་ཀྲུང་གོའི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ལམ་སྲོལ་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རོགས་རམ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད།
     མོ་ལང་གིས་ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་དུ་རིམས་ནད་ཐོན་སྐབས་སྒེར་སེམས་མེད་པར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས“ཏོག་གསར་གློ་ཚད་རིམས་ནད་ཐོན་པའི་སྐབས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ལ་རོགས་རམ་མང་པོ་བྱས་ཏེ་ཕྱོགས་གཉིས་པོས་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་ཁྱབ་ཁོངས་ཐད་མཉམ་ལས་བྱས་ཡོད། རིམས་ནད་འགོག་རྒོལ་ཁྲོད་རྒྱལ་ཁབ་གཉིས་པོའི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཀྱིས་ནུས་པ་གལ་ཆེན་ཐོན་ཡོད”ཅེས་བརྗོད།