འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་8ཉིན།

༄༅།།མཚོ་སྔོན་གོར་མོའི་ཉེན་རྟོག་ཕྱོགས་ཀྱིས། ཡུལ་སྐོར་བ་ཁུ་ཁུ་ཤིས་རིར་རང་དགར་སྐྱོད་
མི་ཆོག་པའི་བརྡ་ཁྱབ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་08ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས། གོར་མོ་ནས་ཁུ་ཁུ་ཤིས་རིའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡུལ་སྐོར་དང་། མྱུལ་དཔྱད། ཁྲིམས་འགལ་ངང་འཛུལ་བ་སོགས་ཀྱི་བྱེད་སྒོ་སྤེལ་མི་རུང་བ་དང་དེ་ལས་འགལ་ཚེ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་རྒྱུའི་བརྡ་ཁྱབ་བཏང་བ་རེད།
   འདི་ལོ་ནས་བཟུང་། ཡུལ་སྐོར་བས་ཁུ་ཁུ་ཤིས་རིའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རང་དགར་ཕྱིན་ནས་གར་སོང་ཆ་མེད་དུ་སོང་བ་དང་འབྲེལ་བ་ཆད་པ་ཐ་ན་ཤི་བའི་དོན་རྐྱེན་ཡང་ཡང་ལྷག་ནས་སྤྱི་ཚོགས་གླེང་ཕྱོགས་ཀྱིས་དེར་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད།
    ཁུ་ཁུ་ཤིས་རིའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་དང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་དང་ཡུལ་སྐོར་བའི་མི་ལུས་བདེ་འཇགས་ལ་སྲུང་སྐྱོང་དང་སྤྱི་ཚོགས་བདེ་སྲུང་གི་གོ་རིམ་ལ་སྲུང་སྐྱོང་བྱ་ཆེད། གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཡིག་ཆའི་དགོངས་དོན་གཞིར་བཟུང་། སྤྱི་ཚོགས་ཀྱི་ཚོགས་པའམ་ཡང་ན་མི་སྒེར་གྱིས་གོར་མོ་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཁུ་ཁུ་ཤིས་རིའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡུལ་སྐོར་དང་། མྱུལ་དཔྱད། ཁྲིམས་འགལ་ངང་འཛུལ་བ་སོགས་ཀྱི་བྱེད་སྒོ་སྤེལ་མི་རུང་བའི་བརྡ་ཁྱབ་བཏང་བ་རེད།
    བརྡ་ཁྱབ་ནང་། དེ་ཉིན་ནས་བཟུང་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མཉམ་དུ་དོ་དམ་དང་མཉམ་དུ་ཚོད་འཛིན་མཉམ་ལས་ཀྱི་ལམ་སྲོལ་བརྒྱུད་དེ་རང་དགར་གོར་མོ་ནས་ཁུ་ཁུ་ཤིས་རིའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡུལ་སྐོར་དང་། མྱུལ་དཔྱད། ཁྲིམས་འགལ་ངང་འཛུལ་བ་སོགས་ཀྱི་བྱེད་སྒོ་སྤེལ་མཁན་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ། བདལ་གཏོང་རླངས་འཁོར་དང་སྒེར་འཁོར་གྱིས་གོར་མོ་ནས་འགྲུལ་པ་བླུགས་ཏེ་ཁུ་ཁུ་ཤིས་རིའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྐྱོད་མཁན་ཡིན་ཕྱིན། སྤྱི་བདེ་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུ་དགོས་པ་དང་དེ་ལས་འགལ་ཚེ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ་བཏོན་ཡོད།
    ཁུ་ཁུ་ཤིས་རིའི་རང་བྱུང་སྲུང་སྐྱོང་ཁུལ་དེ་མཚོ་བོད་ས་མཐོའི་གདང་ལ་དང་ཁུ་ནུ་རི་བོའི་བར་དུ་ཆགས་པ་འདི་ནི་འཛམ་གླིང་གི་མི་མེད་ཁུལ་ཆེ་གྲས་གསུམ་པ་དེ་རེད་ལ་ཀྲུང་གོའི་མི་མེད་ཁུལ་ཆེ་གྲས་བཞིའི་གྲས་ཤིག་ཀྱང་རེད། ས་ཆ་དེ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4600ཡན་ཟིན་ཡོད་པས་གནམ་གཤིས་སྐམ་ཤས་ཆེ་ལ་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་ལ་ཚྭ་མེད་ཆུ་དཀོན་པའི་ཁར་རང་བྱུང་ཁོར་ཡུག་ཉེན་ཁ་ཆེ་བས“སྲོག་གནས་དཀའ་ཁུལ”ཞེས་བརྗོད་སྲོལ་ཡོད།