འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་7ཉིན།

༄༅༎རྩམ་ཁུག་དང་སྦྲེལ་བའི་བརྩེ་བ་ཟབ་མོ།

——བོད་ཀྱི་དེ་སྔའི“སློང་མོ་བའི་གྲོང་ཚོའི”དབུལ་སྒྲོལ་ལམ་བུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་07ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     2016ལོའི་ལོ་མཇུག་ཏུ་ཧ་ལོ་སྒང་གྲོང་ཚོས་དབུལ་སྒྲོལ་བྱུང་བ་ཁྱབ་བསྒྲགས་བྱས་ཤིང་། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཚང་མར་ཁྱབ་པ། མཉམ་སྡེབ་དཔལ་འབྱོར་གྱིས་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་མངོན་གསལ་དོད་དུ་ཕྱིན་པ། 2019ལོར་ཡུལ་མིའི་ལོ་རེའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.2ལྷག་ཙམ་ཟིན་ཡོད།
     སྟོན་འགོར་ཡར་ཀླུང་གཞུང་དུ་ལོ་ལེགས་ཀྱི་དུས་ཚིགས་ཤར་ཡོད། ཞོགས་པ་སྔ་པོ་ནས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་ཧ་ལོ་སྒང་གྲོང་ཚོའི་གྲོང་མི་རྣམས་ཀྱིས་ཞིང་ནང་དང་མུ་ཁར་ཞིང་འཕྲུལ་བཏང་ནས་བཙས་མ་བརྔ་བཞིན་མཆིས། སྔོན་ཆད་ཀྱི“སློང་མོ་བའི་གྲོང་ཚོའི”བཀོད་པ་གསར་རྐྱང་དུ་གྱུར་པ་དང་། དཀའ་སྤྱད་ངལ་རྩོལ་བྱེད་པའི་ཉམས་བཟང་དེ་ཉིད་མིག་གི་ལོངས་སྤྱོད་ཅིག་ཏུ་གྱུར་ཡོད།
     ཤིང་རུལ་གྱི་འཁར་རྒྱུག་ཅིག་དང་རས་ཕད་རྩབ་རལ་ཞིག་འབྲུ་རིགས་བླུགས་སྣོད་བྱེད་པ་དང་། གྱོན་པ་ཧྲལ་ཧྲུལ་གོན་ནས་ཁྲོམ་ལམ་གང་སར་སློང་མོ་བྱེད་པ་དེ་བོད་རྙིང་པའི་སྐབས་ཀྱི་དབུལ་ཞིང་ཕོངས་པའི་སློང་མོ་བའི་རྣམ་པ་ཡིན་པ་དེ་བགྲེས་སོང་ཟླ་བ་བུ་ཆུང་ལ་བག་ཆགས་ཧ་ཅང་གསལ་པོ་ཡོད། “ཁོང་ཚོར་སྡོད་སའི་ཁྱིམ་མེད་པར་ཕྱོགས་གང་སར་སློང་མོ་བྱས་ནས་ལྟོ་གོས་འཕྱིད་ཐབས་བྱེད་ཀྱི་ཡོད། འཚོ་རྟེན་ཚང་མ་རྩམ་ཁུག་དེར་བརྟེན་གྱི་ཡོད”ཅེས་ཟླ་བ་བུ་ཆུང་གིས་བཤད།
     བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པའི་1959ལོའི་གོང་། ཧ་ལོ་སྒང་གྲོང་ཚོར་དུད་ཚང་24ལས་མེད། དམངས་གཙོའི་བཅོས་སྒྱུར་བྱེད་རིང་སྲིད་གཞུང་གིས་ཉེ་འཁོར་གྱི་སློང་མོ་བ་དང་ལོག་སའི་ཁྱིམ་མེད་མཁན་གྱི་དུད་ཚང་20ལྷག་ཙམ་གནས་དེར་བཀོད་སྒྲིག་བྱས་པས། “སློང་མོ་བའི་གྲོང་ཚོ”ཞེས་མིང་ཐོགས་པ་རེད།
     ད་ལོ་ལོ་81ལ་སླེབས་པའི་ཟླ་བ་བུ་ཆུང་ནི་བོད་དུ་བཅིངས་འགྲོལ་མ་བཏང་གོང་ཧ་ལོ་སྒང་གཞིས་ཀའི་ནང་བཟན་ཞིག་ཡིན། སྤྱི་ཚོགས་རྙིང་པའི་ཞིང་བྲན་བདག་པོས་གཉའ་གནོན་བཏང་ནས་ཁོང་གི་མིག་གཉིས་ལོང་བར་གྱུར་པ་དང་། ཕྲུག་ཚབ་བུ་མོ་པ་སངས་དབང་མོས་ད་ལྟའི་བར་བགྲེས་སོང་ཁོང་གི་འཚོ་བར་ལྟ་སྐྱོང་བྱས་ཡོད། བཀྲེས་ལྟོགས་དང་། ངལ་དུབ། དངངས་སྐྲག་ནི་ཟླ་བ་བུ་ཆུང་ལ་མཚོན་ན་སྤྱི་ཚོགས་རྙིང་པས་བཞག་པའི་བག་ཆགས་ཟབ་ཤོས་དེ་རེད།
     ཟླ་བ་བུ་ཆུང་གིས“ཞིང་བྲན་གྱིས་བཟའ་བའི་ཉིན་གང་གི་རྩམ་པ་དེ་ད་ཆའི་ངའི་ཞོགས་པའི་ལྟོ་དུས་གཅིག་གི་རྩམ་པ་ལས་ཀྱང་ཉུང་བ་ཡོད། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་གཞི་ནས་ང་གཉིད་སྐྱིད་པོ་ཞིག་ཁུག་རྒྱུ་བྱུང་བ་དང་། ཉིན་མཚན་མེད་པར་ཁྲལ་འུ་ལག་རྒྱུག་མི་དགོས་པའི་ཁར་ཞིང་བྲན་བདག་པོའི་རྟ་ལྕག་ཀྱང་གཟེད་དགོས་ཀྱི་མེད”ཅེས་བཤད།
     ཞིང་བྲན་གྱི་ཡ་ང་བའི་འཚོ་བར་ཕྱིར་དྲན་བྱེད་སྐབས། ཟླ་བ་བུ་ཆུང་གིས་དབུགས་རིང་གཏོང་བཞིན་རྩམ་པ་གྲོད་པ་རྒྱགས་པ་ཞིག་བཟའ་རྒྱུ་ནི་ཚང་མའི་རེ་བ་ཆེ་ཤོས་དེ་ཡིན་ཞེས་བརྗོད། ཧ་ལོ་སྒང་གྲོང་ཚོའི་ས་བབ་ཁོད་སྙོམས་ལ་ས་རྒྱུ་གཤིན་པོ་ཡོད་པས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན། སྤྱི་ཚོགས་རྙིང་པར་སློང་མོ་བ་འདུ་འཛོམས་བྱ་ཡུལ་ཞིག་ཏུ་འགྱུར། སློང་མོ་བ་དག་གི་འཚོ་བ་ཉམ་ཐག་ལ་ངུ་ཤོར་བ་ཞིག་ཡོད་ནའང་། སྐབས་དེར་ཟླ་བ་བུ་ཆུང་གི་མིག་ལམ་དུ་ཁོ་ཚོའི་འཚོ་བ་ནི་སློང་མོ་བ་ལས་སྐྱོ་བ་ཡོད།
     ད་ཆ་རྩམ་པ་ནི་དུད་ཚང་ཀུན་གྱིས་གང་འདོད་ལྟར་བཟའ་རྒྱུ་ཡོད་པ་ཞིག་ཏུ་གྱུར་པ་དང་། སྔོ་ཚལ་དང་ཤིང་ཏོག་སྣ་ཚོགས་ཀྱང་མི་སེར་གྱིས་འབེལ་པོ་བཟའ་རྒྱུ་ཡོད། 2011ལོར་ཧ་ལོ་སྒང་གྲོང་ཚོས་ཁ་བ་ཆུ་འཐག་རྩམ་པ་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་ནས་དཀར་གྱི་རྩམ་པ་དང་། ནས་ནག་གི་རྩམ་པ། སྲན་རྩམ་སོགས་ཡག་ལ་བྲོ་བ་ཞིམ་པར་བརྟེན། རིམ་གྱིས་སྣེ་གདོང་ཆུས་སུ་སྐད་གྲགས་ཆེན་པོ་བྱུང་ཡོད།
     དེ་དང་དུས་མཚུངས་སུ་མཉམ་ལས་ཁང་གིས་ལོ་ལྟར་ཁེ་སྤོགས་སྒོར་ཁྲི་15གྲོང་མི་ཚོར་རྒན་གསོའི་འགན་བཅོལ་ཉོ་རྒྱུར་སྤྱོད་ཀྱི་ཡོད། “དེ་སྔོན་རྩམ་པ་གྲོད་པ་རྒྱགས་པ་ཞིག་བཟའ་རྒྱུ་མེད་ནའང་། ད་ཆ་ང་ཚོས་རྩམ་པ་འཐགས་ནས་ཡོང་འབབ་འཚོལ་གྱི་ཡོད་པ་དེ་དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་ཡིན”ཞེས་མཉམ་ལས་ཁང་གི་འགན་འཁུར་བ་བྱམས་པ་དབང་ཕྱུག་གིས་བཤད།
     བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། གངས་ལྗོངས་ས་མཐོར་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། བོད་ལ་དེ་བས་དབུལ་སྒྲོལ་བྱེད་མགྱོགས་སུ་ཕྱིན་ཡོད།
     ཧ་ལོ་སྒང་གྲོང་ཚོའི་འདམ་བག་ལམ་དང་ཁང་པ་གོག་ཧྲུལ་དེ་དག་ཨར་འདམ་ལམ་དང་བོད་བཟོའི་སྡོད་ཁང་གསར་པས་ཚབ་བྱས་པ་དང་། ལས་ལ་བརྩོན་པ་དང་ཕྱུག་འགྱུར་ཕྱོགས་སུ་སྐྱོད་པའི་ཡུལ་མིའི་བྱ་སྤྱོད་ངོ་མ་ལས“སློང་མོ་བའི་གྲོང་ཚོ”ཞེས་པའི་མིང་དེ་ཡོངས་སུ་བརྗེད་པར་བྱས་ནས་སློབ་གསོའི་མེ་ཏོག་དེ་གར་རབ་ཏུ་བཞད་ཡོད། 2016ལོའི་ལོ་མཇུག་ཏུ་ཧ་ལོ་སྒང་གྲོང་ཚོས་དབུལ་སྒྲོལ་བྱུང་བ་ཁྱབ་བསྒྲགས་བྱས་ཤིང་། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཚང་མར་ཁྱབ་པ། མཉམ་སྡེབ་དཔལ་འབྱོར་གྱིས་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་མངོན་གསལ་དོད་དུ་ཕྱིན་པ། 2019ལོར་ཡུལ་མིའི་ལོ་རེའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.2ལྷག་ཙམ་ཟིན་ཡོད།
     ཧ་ལོ་སྒང་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བསོད་ནམས་ཚེ་རིང་གིས“གྲོང་ཚོའི་རྣམ་པར་ལོ་རེ་བཞིན་འགྱུར་ལྡོག་འགྲོ་གི་འདུག ཐོག་མེད་གསང་སྤྱོད་དང་། གོ་ཐལ། གང་བྱུང་དུ་བཞག་པའི་མེ་ཤིང་སོགས་ཚང་མ་གཙང་སེལ་བྱས་པས། གྲོང་ཚོའི་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། ཆུ་འཐག་རྩམ་པའི་མཉམ་ལས་ཁང་དང་འགྱིག་ཤོག་དྲོད་ཁང་ཆེ་མོ་སོགས་མཉམ་སྡེབ་དཔལ་འབྱོར་གྱིས་ཡུལ་མི་ཁག་གཅིག་དང་ལྷག་དོན་དུ་དུད་ཚང་དབུལ་པོའི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ཡོད”ཅེས་བརྗོད།
     གྲོང་མི་རྡོ་རྗེ་དངོས་གྲུབ་ཀྱིས་ན་ནིང་ཉིས་བརྒྱུད་བྱེས་བགྲོད་རླངས་འཁོར་གཅིག་ཉོས་ནས་བུ་ཆུང་བས་དབོར་འདྲེན་ལས་ཀ་བྱེད་རྒྱུར་ཆེད་མངགས་སྤྱད་པ་དང་། འདི་ནི་ཁོང་ཚོའི་ཁྱིམ་གྱི་རླངས་འཁོར་གཉིས་པ་དེ་རེད། རྡོ་རྗེ་དངོས་གྲུབ་ཀྱི་ཕ་མེས་ཀྱིས་ཕོ་བྲང་ཤང་བར་ཁྲོམ་གཞུང་དུ་སློང་མོ་བྱེད་པར་བསྐྱོད་པ་དང་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཧ་ལོ་སྒང་གྲོང་ཚོར་གཏན་སྡོད་བྱས་ཤིང་། ཁོང་གི་ཁྱིམ་མི་ཚོ་དེ་སྔ་ས་ཕག་ཁང་པའི་ནང་སྡོད་པ་ནས་ད་ཆ་བོད་བཟོའི་ཐོག་བརྩེགས་ཉིས་ལྡན་གྱི་ཁང་པར་སྡོད་རྒྱུ་བྱུང་ཡོད། ཕྱིར་ལས་མི་བྱེད་པ་དང་ཞིང་ལས་བྱས་པས་རྡོ་རྗེ་དངོས་གྲུབ་ཀྱི་ཁྱིམ་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་12རག་གི་ཡོད།
     རྩམ་པའི་མཉམ་ལས་ཁང་དུ་ལས་རེས་བྱས་མ་ཐག་ཡིན་པའི་རྡོ་རྗེ་དངོས་གྲུབ་ཀྱིས་རྩམ་པ་གང་སར་འགོས་པའི་གྱོན་གོས་ཀྱང་མ་བརྗེས་པར་གསར་འགོད་པ་ཐོག་ཁང་གི་ཚོམས་ཆེན་དུ་ལྟ་སྐོར་བྱེད་པར་ཁྲིད། ཁང་པའི་ནང་འཛུལ་སྐབས་བོད་བཟོའི་སྒྲོག་ཙེ་རིང་མོའི་སྟེང་དུ་བཏུང་བྱ་དང་བཟའ་བཅའ་སྣ་ཚོགས་བསྒྲིགས་པ་དང་གྱང་ངོས་སུ་སྦྱར་པའི་གཟེངས་བསྟོད་ལག་ཁྱེར་རེ་རེ་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་དགོས་པ་ཞིག་འདུག
     རྡོ་རྗེ་དངོས་གྲུབ་ཀྱིས་དགའ་ཚོར་ཆེན་པོས་ཚ་མོ་ཨ་སྒྲོན་གྱི་གཟེངས་བསྟོད་ལག་ཁྱེར་རེ་རེ་བཞིན་ངོ་སྤྲོད་བྱས་ནས“ཨ་སྒྲོན་སློབ་སྦྱོང་ལ་ཧ་ཅང་ཧུར་བརྩོན་ཆེན་པོ་ཡོད་པས་ཧྲང་ཧའེ་ཀུང་ཁང་སློབ་འབྲིང་ལ་རྒྱུགས་འཕྲོད་པ་དང་། འབྱུང་འགྱུར་ཁོ་མོ་གྲགས་ཅན་སློབ་ཆེན་དུ་རྒྱུགས་འཕྲོད་ངེས་རེད”ཅེས་བརྗོད།
     རྡོ་རྗེ་དངོས་གྲུབ་ཀྱི་དགའ་སྤྲོ་འཁོལ་བའི་རྣམ་འགྱུར་དང་བློ་རྩ་བརྟན་པའི་སྐད་ཆ་ལས་གསར་འགོད་པས་ཁོང་གིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་འཚོ་བར་བཅངས་པའི་ཕུགས་རེ་མྱོང་ཚོར་ཐུབ་ཡོད་པ་རེད།