འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་6ཉིན།

༄༅༎དམར་ཆིལ་ཆིལ་གྱི་སུར་པན། ཚ་འུར་འུར་གྱི་ཐོན་ལས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་05ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     དབྱར་དུས་སུ་གསར་འགོད་པ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུང་དཀར་གྲོང་རྡལ་དགོན་གྲོང་ཚོའི་ནོར་ཚོགས་ཆུང་དུ་བཅར་འདྲིར་སྐྱོད་སྐབས་གུང་གསེང་བཞག་ནས་ཁྱིམ་དུ་བསྡད་པའི་སྐལ་བཟང་ཆོས་སྒྲོན་འཕྲད་བྱུང་།
     སྐལ་བཟང་ཆོས་སྒྲོན་འདི་ལོ་ལོ་20ལ་སླེབས་པ་དང་སློབ་ཆེན་ལོ་རིམ་དང་པོའི་སློབ་མ་ཡིན་ཞིང་། ཅང་སུའུ་ལན་ཡུན་གྲུ་ཁའི་སློབ་ཆེན་ཞིག་ཏུ་སློབ་སྦྱོང་བྱེད་ཀྱི་ཡོད། གཅེན་མོ་མནའ་མར་ཕྱིན་རྗེས་ཁྱིམ་དུ་ཁོང་དང་ཕ་མ་གཉིས་ལས་མེད། ལོ་ཤས་གོང་ཁྱིམ་དུ་ངལ་རྩོལ་ནུས་ཤུགས་མི་འདང་བས་འཚོ་བའི་ཡོང་ཁུངས་གཙོ་བོ་ལོ་ན་མཐོ་བའི་ཕ་ཡིས་ལས་ཀ་ཙག་ཙིག་བྱས་པའི་གླ་ཆ་ཕྲན་བུ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ལ་བརྟེན་གྱི་ཡོད། ཕ་མ་གཉིས་པོས་གཅེན་གཅུང་གཉིས་ཀའི་སློབ་ཡོན་སྤྲོད་དགོས་པས་དཔལ་འབྱོར་གྱི་ཁུར་པོ་ཧ་ཅང་ལྕི་བར་བརྟེན་2016ལོར་ཁོང་གི་ཁྱིམ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས་པ་དང་། 2018ལོར་ཁོང་ཁྱིམ་གྱི་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། སྣང་རྫོང་དུ་སུར་པན་འདེབས་འཛུགས་བྱས་ནས་ད་བར་ལོ་100ལྷག་ཙམ་སོང་ཡོད། གང་ཡིན་ཞེ་ན་འདི་གའི་ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་དང་གནམ་གཤིས་ཀྱི་ཆ་རྐྱེན་ལས་འདི་ནས་ཐོན་པའི་སུར་པན་ཁྲོད་ཆིང་ཧྭ་སུའུ་ཡི་འདུས་ཚད་རིགས་གཞན་དག་ལས་མཐོ་བ་ཡོད། སྣང་རྫོང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མང་ཚོགས་རྣམས་རང་ས་རང་ཡུལ་ནས་མ་བྲལ་བར་ཐག་ཉེ་ས་དང་སྟབས་བདེ་སར་འབབ་འཕར་ཕྱུག་འགྱུར་ཡོང་ཆེད། ཉེ་བའི་ལོ་ཤས་རིང་མང་ཚོགས་ཚོས་གཞི་ཁྱོན་ཆེན་པོས་སུར་པན་འདེབས་རྒྱུར་ཁྲིད་སྟོན་བྱས་ཡོད།
     སྐལ་བཟང་ཆོས་སྒྲོན་གྱི་དྲན་ཤེས་ནང་ཁོང་གི་ཁྱིམ་ཚང་གིས་ཀྱང་དེ་སྔོན་སུར་པན་འདེབས་མྱོང་ཡོད་པ་དང་། རང་ངོས་ཀྱི་དགོས་མཁོ་སྐོང་བ་ཕུད་ཅུང་མང་ཙམ་བཏབ་ནས་ཕྱིར་བཙོངས་ཀྱི་ཡོད། འོན་ཀྱང་སུར་པན་འདེབས་འཛུགས་ཐད་གཞི་ཁྱོན་ཆགས་མེད་པར་བརྟེན་སུར་པན་བཏབ་པ་ལས་ཡོང་འབབ་དེ་ཙམ་མང་པོ་ཡོང་གི་མེད།
     སྐལ་བཟང་ཆོས་སྒྲོན་གྱིས“ན་ནིང་སུར་པན་བཙོངས་ནས་ལོ་གཅིག་ལ་སྒོར་ཁྲི་1ལྷག་ཙམ་ལས་གསོག་ཐུབ་མ་བྱུང་། འདི་ལོ་གྲོང་ཚོའི་མཉམ་སྡེབ་ཀྱིས་སུར་པན་འདེབས་འཛུགས་དང་ཕྱིར་ཚོང་ལ་སྤྱི་འདོམས་བཀོད་སྒྲིག་བྱས་ཁར་རྗེས་མཐུད་ཀྱི་དོ་དམ་ཡང་ཡག་པོ་བྱས་པས་མུའུ་རེ་ནས་སུར་པན་ཐོན་ཚད་རྒྱ་མ་4000ཙམ་ཟིན་རེ་ཡོད། འདི་ལོའི་ཟླ་2པ་ནས་ད་བར་དྲོད་ཁང་ཆེ་མོར་སུར་པན་བཏབ་པའི་ཡོང་འབབ་ཁོ་ན་སྒོར་ཁྲི་2ལྷག་ཙམ་བྱུང”ཞེས་བཤད།
     སྐལ་བཟང་ཆོས་སྒྲོན་གྱིས་གསར་འགོད་པར་རྩིས་ཤིག་བརྒྱབ་པ་སྟེ། “ང་ཚོའི་ཁྱིམ་ཚང་ལ་ས་ཞིང་མུའུ་3དང་དྲོད་ཁང་ཆེ་མོ་4ཡོད་པ་ད་ལྟ་ཚང་མར་སུར་པན་བཏབ་ཡོད། ལོ་གཅིག་ལ་སུར་པན་རེས་སྐོར་འདེབས་འཛུགས་ཐེངས་4བྱེད་ཆོག་པ་དང་རེས་སྐོར་འདེབས་འཛུགས་མཐའ་མ་དེར་སུར་པན་སྐམ་པོ་ལས་སྣོན་བྱ་ཆེད་ཀྱི་སུར་པན་འདེབས་ཀྱི་ཡོད། ལོ་གཅིག་སོང་སྐབས་སུར་པན་ལས་ཡོང་འབབ་སྒོར་ཁྲི་6ཙམ་ཡོང་བའི་ཚོད་དཔག་རགས་ཙམ་བྱེད་ཐུབ”ཅེས་བཤད།
     རིན་གོང་དེ་བས་མཐོ་པོ་རག་ཆེད། ན་ནིང་ནས་བཟུང་ས་གནས་དེ་གས་ཞིང་དུད་ལ་ཞིང་ཁྱིམ་རྫས་ལུད་སྤྱད་ནས་སུར་པན་འདེབས་རྒྱུར་ཁྲིད་སྟོན་བྱས་པ་མ་ཟད་ལྗང་མདོག་གི་སྐྱེ་ལྡན་ར་སྤྲོད་འདུན་ཞུ་ཧུར་ཐག་བྱས་ཡོད། ད་ཆ་འདེབས་འཛུགས་ཀྱི་བླང་བྱ་མཐོ་རུ་སོང་བ་དང་བསྟུན་ནས་འདེབས་ཡུན་བལྟོས་བཅས་རིང་དུ་བཏང་བས། སྲིད་གཞུང་གིས་མ་དངུལ་ཁག་གཅིག་བཏོན་ནས་སུར་པན་འདེབས་འཛུགས་ཞིང་དུད་ལ་ཁ་གསབ་བྱེད་ཀྱི་ཡོད། སྐལ་བཟང་ཆོས་སྒྲོན་གྱིས“སུར་པན་ཆུང་ཆུང་དེ་གྲོང་མིའི‘ཕྱུག་འགྱུར་སུར་པན’དུ་འགྱུར་བའི་ངོས་འཛིན་བྱེད་ཀྱི་ཡོད”
     ངོ་སྤྲོད་བྱས་པར་གཞིགས་ན། ནོར་ཚོགས་ཆུང་ལ་དུད་ཚང་35ཡི་མི་131ཡོད་པ་དང་ངལ་ནུས་ལྡན་པའི་མི་79ལས་མེད། མིག་སྔར་སུར་པན་འདེབས་འཛུགས་དྲོད་ཁང་ཆེ་མོ་120བསྐྲུན་པ་དང་རྒྱ་ཁྱོན་མུའུ་200ཙམ་ཡོད་པ་དེ་ནི་སྣང་རྫོང་གིས་བསྐྲུན་པའི་སུར་པན་འདེབས་འཛུགས་རྟེན་གཞི་དང་པོ་དེ་རེད། འདི་ལོའི་ཟླ་2པ་ནས་ད་བར་ནོར་ཚོགས་ཆུང་གི་སུར་པན་ལ་དུས་ཚིགས་ལས་ལྡོག་པའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་110ཙམ་བྱུང་བ་དང་། “མཉམ་ལས་ཁང་དང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་སུར་པན་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ལས་གྲོང་མིའི་ཡོང་འབབ་རྒྱུན་ཆད་མེད་པར་འཕར་ཡོད་པ་རེད།
     “ངའི་ཕ་ལོ་ན་མཐོ་བས་ཤུགས་ལས་བྱེད་མི་ཐུབ། སུར་པན་འདེབས་པའི་དུས་ལ་སླེབས་རིམ་བཞིན་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་ཚང་མ་ང་ཚོའི་ཁྱིམ་དུ་རོགས་རམ་བྱེད་པར་ཡོང་གི་ཡོད། གཞན་ཡང་ཏང་གི་སྲིད་ཇུས་བཟང་པོ་ལས་རང་ཁྱིམ་གྱི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་འདུག”ཅེས་འབྱུང་འགྱུར་ལ་སྐལ་བཟང་ཆོས་སྒྲོན་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་དེ་ལྟར་བཤད།