འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་4ཉིན།

༄༅༎ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱིས་མང་ཚོགས་དབུལ་པོ་ཁྲི་སྟོང་མང་པོར་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་བ།
བདེ་སྡོད་ལས་བརྩོན་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་04ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     བོད་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་ཆུང་གི་ཕུན་ཚོགས་ཚེ་རིང་གི་ཁྱིམ་དུ་སྐྱོད་སྐབས་ཁོང་གིས་འཚེམ་འཁོར་སྟེང་འཚེམ་པོ་རྒྱག་བཞིན་ཡོད། “རི་གྲོང་ནས་སྤོས་ཏེ་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་ལ་ད་དུང་ལས་ཀ་གསར་པ་ཡང་རག་པས་འཚོ་བ་དངོས་གནས་ཉིན་རེ་ལས་ཉིན་རེ་ཡག་ཏུ་འགྲོ་བཞིན་ཡོད། ལག་ཤེས་ཐོན་རྫས་བྲིན་ཁ་རྒྱུག་པོ་འདུག རྗེས་སུ་ངས་འཚེམ་འཁོར་འགའ་ཉོས་ཏེ་གྲོང་མི་ཚོ་སྣེ་ཁྲིད་ནས་ལས་ཀ་ཧུར་ཐག་བྱ་རྩིས་ཡོད”ཅེས་ཕུན་ཚོགས་ཚེ་རིང་གིས་འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་བཤད།
     ཡུལ་གཞན་དུ་གནས་སྤོས་བྱས་པ་ནི་ཡུལ་ཕྱོགས་གཅིག་གི་ཐོན་ཁུངས་ཀྱིས་ཡུལ་ཕྱོགས་དེ་གའི་མིའི་འཚོ་བ་འཕྱི་དཀའ་བ་ཐག་གཅོད་བྱེད་པ་དང་མང་ཚོགས་དབུལ་པོ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཐུབ་པའི་རྩ་བའི་ཐབས་ལམ་ཞིག་རེད་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། ལོ་མང་འབད་བརྩོན་བྱས་པ་བརྒྱུད། མིག་སྔར“ལོ་ལྔ་ཚན་བཅུ་གསུམ་པའི”ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྡོད་ཁང་འཛུགས་སྐྲུན་ལས་འགན་དང་ལེ་ལག་ཚང་བའི་སྒྲིག་བཀོད་ཀྱི་མཇུག་བསྡུའི་ལས་གྲྭ་ཚང་མ་ལེགས་གྲུབ་ཟིན་ནས་ཡིག་ཚགས་དང་གཱ་བཟོས་པའི་གནས་སྤོས་མང་ཚོགས་གཞི་རྩའི་ཆ་ནས་གནས་སྡོད་ཐུབ་ཡོད་པ་དང་། གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱུང་ཞིང་། མི་འབོར་དབུལ་པོ་ཁྲི་སྟོང་མང་པོ“ཡུལ་དབུལ་པོ་ནས་སྤོས་པ”དང“ལས་ཀ་གཞན་སྒྱུར”བྱུང་ནས་དབུལ་པོའི་གནས་ལས་རིམ་བཞིན་སྒྲོལ་སྟེ་བདེ་སྡོད་ལས་བརྩོན་ཐུབ་པ་བྱུང་ཡོད།
     བོད་རིགས་བགྲེས་སོང་ཚེ་དབང་འགྱུར་མེད་ཀྱི་ཁྱིམ་དུ་སྐྱོད་སྐབས་མིག་ལམ་དུ་འཆར་བ་ནི་གྲལ་སྒྲིག་པའི་ཁྱིམ་ཆས་གསར་པ་དག་ཡིན་པ་དང་། “ཁང་པའི་ནང་སྐྱིད་སྣང་དོད་པས་སེམས་པ་སྐྱིད་པོ་འདུག སྲིད་ཇུས་བཟང་པོ་ལས་ང་ཚོའི་དབུལ་པོའི་ཞྭ་མོ་ཕུད་དེ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱུང” ན་ནིང་ཚེ་དབང་འགྱུར་མེད་ནང་མི་ཚང་མ་བོད་ལྗོངས་འགོ་འཇོ་རྫོང་འབུམ་སྐྱེས་ཤང་མཁལ་པོ་གྲོང་ཚོ་ནས་ལྷ་ས་སྣེའུ་ཁུལ་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་སྤོས་ཏེ་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད།
     མཁལ་པོ་གྲོང་ཚོ་ནི་འཕྲེད་རྒྱུག་རི་རྒྱུད་ཀྱི་ས་ངན་ཡུག་ཁུལ་དུ་གནས་པས་དེ་ནི་ཤིན་ཏུ་དབུལ་བའི་གྲོང་ཚོ་ཞིག་རེད། “དེ་སྔ་ཁྱིམ་དུ་ཐབ་རྡོ་གསུམ་དང་ཧ་ཡང་གཅིག་ལས་མེད་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། ད་ལྟ་ཁང་པ་གསར་པ་རྒྱ་ཆེ་བ་དང་དཀར་ཆ་དོད་པོ་འདུག་ལ་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་ཆ་ཚང་ཡོད་པས་དངོས་གནས་འགྱུར་ལྡོག་ཧ་ཅང་ཆེ”ཅེས་ཚེ་དབང་འགྱུར་མེད་ཀྱིས་བཤད།
     ཉེ་བའི་ལོ་5ཡི་རིང་། རང་རྒྱལ་གྱིས་མ་དངུལ་སྒོར་དུང་ཕྱུར་6000བཏང་ནས་ཚེ་དབང་འགྱུར་མེད་དང་འདྲ་བའི་མི་འབོར་དབུལ་པོ་ཁྲི་སྟོང་མང་པོ་ཐག་རིང་རི་ཁུག་ནས་ཁ་བྲལ་ཏེ་སྡོད་ཁང་གསར་པར་སྤོ་བཞིན་ཡོད་པ་དེ་ནི། ཉིན་ལྟར་མི་5000ལྷག་ཙམ་གྱིས“ཡུལ་ཕྱོགས་གཅིག་གི་ཐོན་ཁུངས་ཀྱིས་ཡུལ་ཕྱོགས་དེ་གའི་མིའི་འཚོ་བ་འཕྱི་དཀའ་བའི”རི་ཁུག་ནས་སྤོས་ཏེ་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་དང་འདྲ།
     “གནས་སྤོ་ཐུབ་པ”ནི་གོམ་པ་དང་པོ་ཡིན་ཞིང་། གོམ་སྟབས་རྗེས་མར་གནས་སྤོས་མང་ཚོགས“གཞིས་ཆགས་ཐུབ་པ”བྱ་རྒྱུ་དེ་རེད།
     གཞིས་ཆགས་ཐུབ་པར“གྲོང་མི་གསར་པ”སྡེ་ཁུལ་དུ་འཕྲོད་ཐུབ་རྒྱུར་སྐུལ་ཁྲིད་བྱ་དགོས། ལྷ་སར་ཐོག་མར་སླེབས་སྐབས། ཚེ་དབང་འཇིགས་མེད་ཀྱི་བུ་མོ་ངག་གསུམ་དང་ཕུར་བུ་གཉིས་ལ་དེ་སྔ་ཕྱུགས་འཚོས་ནས་འཚོ་ཐབས་བྱེད་སྟངས་དེ་གྲོང་ཁྱེར་གྱི་འཚོ་བ་གསར་པར་གོམས་ཐུབ་མིན་ཐད་སེམས་ཁྲལ་ཆེན་པོ་ཡོད་པ་རེད།
     དེར་བརྟེན་སྡེ་ཁུལ་གྱིས་གསོ་སྦྱོང་འཛིན་གྲྭ་གཉེར་ནས་མང་ཚོགས་ལ་ཡེ་གེ་དང་རྩལ་ནུས་བསླབས་པ་དང་། ངག་གསུམ་དང་ཕུར་བུར་སྡེ་ཁུལ་གྱི་བུ་བཅོལ་ཁང་དུ་ལས་ཀ་རག་ཏེ་ཡོང་འབབ་བརྟན་པོ་བྱུང་ཡོད།
     བྱེད་ཐབས་རེ་རེས་གནས་སྤོས་མང་ཚོགས་ཀྱི་སེམས་ནད་བསལ་ཞིང་། ད་ཆ་ཧོ་ནན་ཧྥེང་ཆིའུ་རྫོང་གི་བཀོད་སྒྲིག་ས་ཚིགས་ཁག་ཏུ་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་ཕྱིར་སྐྱོད་དང་། ཆུ་སྤྱོད། སྨན་བཅོས། སློབ་གྲྭར་སྐྱོད་པ་བཅས་ཀྱི་གནད་དོན་རེ་རེ་བཞིན་ཐག་གཅོད་ཐུབ་ཡོད། དེ་སྔ་ལི་ཆིང་ཧོ་ཡིས་ཐོག་བརྩེགས་ཁང་ཆེན་དུ་བསྡད་ན་ཞིང་འཕྲུལ་ཡོ་བྱད་ཇི་ལྟར་ཉར་རྒྱུའི་ཐད་སེམས་ཁྲལ་བྱེད་ཀྱི་ཡོད། དེས་ན་ཁུལ་ཆུང་དུ་ཆེད་མངགས་ཞིང་ལས་འཕྲུལ་ཆས་འཇོག་ས་བཙུགས་པས་འདྲུད་འཐེན་འཁོར་ལོ་དང་བརྔ་བསྡུ་འཕྲུལ་འཁོར་ཡིན་ནའང་འདྲ། ཡང་ན་འཇོར་སོགས་ཞིང་ལས་ཡོ་ཆས་ཆུང་གྲས་ཚང་མར་ཨང་གྲངས་བསྒྲིགས་ནས་ཆེད་མིས་ཉར་གྱི་ཡོད།
     གནས་སྤོས་མང་ཚོགས་དབུལ་སྒྲོལ་བརྟན་པོ་དང་དབུལ་པོ་བསྐྱར་ལོག་མི་ཡོང་བ་འགན་ལེན་བྱེད་པའི་འགག་རྩ་ནི་ལས་ཞུགས་འགན་ལེན་བྱ་རྒྱུ་དེ་རེད།
     གསེར་རྙེད་ཆུས་ཀྱི་བཀོད་སྒྲིག་ཁུལ་ཆུང་དུ་སྙན་རོང་རྫོང་གི་ཡུལ་གཞན་དུ་གནས་སྤོས་དུད་ཚང་རྡོ་རྒྱལ་གྱིས་སྡེ་ཁུལ་གྱི་སྒོ་འགྲམ་དུ་ཚོང་ཁང་ཞིག་བཙུགས་པར་ཉིན་ལྟར་ཚོང་གཉེར་ཡོང་འབབ་སྒོར་བརྒྱ་ཕྲག་ཁ་ཤས་ཡོང་གི་ཡོད། “དུས་འགོར་མ་དངུལ་སྒོར་ཁྲི་5བཏང་བ་དེ་སྲིད་གཞུང་གི་ལས་གཏོད་རོགས་སྐྱོར་མ་དངུལ་ལས་བྱུང”ཞེས་རྡོ་རྒྱལ་གྱིས་ཧུར་སེམས་ཆེན་པོས་བཤད།
     བཀོད་སྒྲིག་ཁུལ་ཆུང་དུ། རྡོ་རྒྱལ་དང་འདྲ་བའི་གནས་སྤོས་དུད་ཚང་ཁྱོན་673ཡོད་པ་དང་མི་གྲངས་3000ལས་བརྒལ་ཡོད་པ་རེད། ཁོང་ཚོ་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་དང་རྫོང་གཞན་དག་7ནས་ཡོང་བ་ཡིན་པ་དང་ད་ཆ་སྲིད་ཇུས་ཀྱི་སྣེ་ཁྲིད་འོག་འཚོ་ཐབས་གསར་པ་ཡོད་པ་རེད། “སྡེ་ཁུལ་གྱིས་དབུལ་སྐྱོར་གཞུང་ལས་ཁང་གིས་མཁོ་འདོན་བྱས་པའི་ལས་ཞུགས་གཞན་སྒྱུར་གྱི་གོ་སྐབས་དང་འབྲེལ་མཐུད་ཧུར་ཐག་བྱས་པས་གནས་སྤོས་དུད་ཚང་ལ་ལས་སྡེ་ལས་ཀུང་སིར་བདེ་སྲུང་བ་བྱས་པ་དང་། ལ་ལས་ཚོང་ཁང་ཆུང་ཆུང་བཙུགས་པ། ལ་ལས་ཨར་ལས་བྱ་ཡུལ་དུ་ལས་མི་བཅས་བྱེད་ཀྱི་ཡོད”ཅེས་སྡེ་ཁུལ་གྲོང་ལྷན་གྱི་ལས་དོན་པ་བསོད་ནམས་སྒྲོལ་མས་བཤད།