འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་2ཉིན།

༄༅།།འཕེལ་རྒྱས་ཀྱི་སྤུས་ཚད་ལེགས་སུ་བཏང་ནས་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་02ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉིན་ཤས་བསྟུད་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་ལྷག་པར་དུ་བོད་རང་སྐྱོང་ལྗོངས་སོགས་ཀྱི་ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་པའི་བོད་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་། དེས་སླད་ཕྱིན་གྱི་ལས་དོན་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་བརྗོད།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་དགོས། འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་བ་འཇུག་གཞིར་བྱེད་པ་དང་། རྒྱུ་རྐྱེན་གཙོ་བོ་དང་སྒྲིག་བཀོད་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ། ལམ་ལུགས་ལམ་སྲོལ་འགན་ལེན་དུ་བྱེད་པ་བཅས་ཀྱིས་སྤྱི་འདོམས་འཆར་འགོད་དང་། རིགས་དབྱེ་ཇུས་བསྟར། གནད་སྨིན་ཤུགས་འདོན་བཅས་བྱས་ནས་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད། དེའི་ཐད་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་དབུལ་སྒྲོལ་གྲུབ་འབྲས་བརྟན་དུ་བཏང་ནས་མང་ཚོགས་རྣམས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་བ་བོད་འབྲེལ་ལས་དོན་གྱི་སྤུས་ཚད་དམ་ཕན་འབྲས་དང་འབྲེལ་བ་ཡོད། ངེས་པར་དུ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་ཀྱི་ཡིན་ཞེས་བརྗོད།
    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ལྷ་ཉིང་ལྕགས་ལམ་ལས་ཡུལ་དུ་བཟོ་པ་ཚོས་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་ཅིང་། “ལྷ་ཉིང་ལྕགས་ལམ་ནི་རང་ཉིད་གློག་རླངས་ཅན་གྱི་ལྕགས་ལམ་འཛུགས་སྐྲུན་ལ་ཞུགས་ནས་ལོ་20ཙམ་རིང་ཕྲད་པའི་དཀའ་ཚེགས་ཆེ་ཤོས་ཀྱི་རྣམ་གྲངས་ཤིག་ཡིན་པ་དང་ཨར་ལས་ཀྱི་ཁོར་ཡུག་ཧ་ཅང་དཀའ་ཚེགས་ཆེན་པོ་འདུག འོན་ཀྱང་ལྕགས་ལམ་འདི་ནི་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་དང་པོ་དེ་ཡིན་པ་དང་རྒྱལ་ཁབ་རིམ་པའི་གཙོ་གནད་ལས་གྲྭར་ཞུགས་ཐུབ་པས། དཀའ་སྡུག་ག་ཚོད་ཡོད་ཀྱང་སེམས་ལ་སྤོབས་པ་སྐྱེ་གི་འདུག”ཀྲུང་གོ་ལྕགས་ལམ་གློག་རླངས་ཅན་ཅུས་ཚོགས་པའི་ལྷ་ཉིང་ལྕགས་ལམ་འབྲེལ་མཐུད་དྲ་བའི་ལས་སྒྲུབ་རུ་ཁག་གི་རུ་དཔོན་ཀྲང་ཤིན་ཧྥང་གིས“ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་བླངས་ནས་ལྷ་ཉིང་ལྕགས་ལམ་མཐུན་སྒྲིལ་གྱི་ལྕགས་ལམ་དང་བདེ་སྐྱིད་ཀྱི་ལམ་བུར་སྐྲུན་གྱི་ཡིན”ཞེས་བརྗོད་བྱུང་།
    མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་གཞོན་པ་མཱ་ཅ་པིན་གྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུའི་ཐོག་ལས་རིགས་སློབ་གསོར་བླང་བྱ་བཏོན་གནང་བས་ང་ཚོའི་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་སོང་། ང་ཚོས་གྲུབ་ཆ་ལུགས་མཐུན་དང་། ཐོན་ཁུངས་འདང་ངེས། ས་ཁོངས་ལག་རྩལ་གྱི་རྩལ་ནུས་ཤེས་ལྡན་མི་སྣའི་དགོས་མཁོ་སྐོང་བ་བཅས་ཀྱི་ལས་རིགས་སློབ་གསོའི་རྣམ་པ་ཧུར་ཐག་བསྐྲུན་ནས་ཆེད་ལས་རྩལ་ནུས་རྣམ་པའི་ཉེར་སྤྱོད་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱས་ཏེ་མི་རིགས་ས་ཁུལ་གྱི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་བརྗོད་བྱུང་།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་རེད་ཅེས་གསུངས་ཡོད། དེའི་ཐད་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པར་ངེས་པར་དུ་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས་ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་གི་ཡིན་ཞེས་བརྗོད།
    སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་དབུན་ཁྲོན་རྫོང་སྣོད་བཅུད་ཁོར་ཡུག་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཅུས་ཀྲང་ཡོན་ཧྲེང་ཉིང་གིས་ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ་དང་། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ། འཕྲེད་ཕྱོགས་སྣོད་བཅུད་ཁ་གསབ། སྣོད་བཅུད་ལེགས་ཆའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཅས་ལ་དམིགས་ནས་སྣོད་བཅུད་རིན་ཐང་བརྗེ་སྒྱུར་ཐབས་ལམ་འཚོལ་ཞིབ་དང་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་བཏང་ནས་སྣོད་བཅུད་ཀྱི་རང་སྤུས་དེ་སྣོད་བཅུད་ཐོན་ལས་དང་། སྣོད་བཅུད་དཔལ་འབྱོར། སྣོད་བཅུད་འཕེལ་རྒྱས་བཅས་ཀྱི་ལེགས་ཆར་འགྱུར་བ་བྱེད་ཀྱི་ཡིན་ཞེས་བརྗོད།
   “མཚོ་བོད་ས་མཐོ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ཁྲོད་ཆེས་ཚོར་བ་སྐྱེན་པའི་ཁུལ་ཁོངས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་བྱ་གཞག་ལ་ཐུགས་ཁུར་གནང་ནས་ལས་དོན་ཐད་དེ་བས་མཐོ་བའི་བླང་བྱ་བཏོན་གནང་བར་བརྟེན་ང་ཚོས་གོམ་སྟབས་རྗེས་མར་ལས་དོན་སྒྲུབ་པར་ཚན་ཞིབ་ཀྱི་ཁ་ཕྱོགས་གསལ་བཏོན་གནང་ཡོད”ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཁྲེན་ཧྥ་ཧུའུ་ཡིས“ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་མཚོ་བོད་ས་མཐོའི་ཞིབ་འཇུག་འཚོལ་ཞིབ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་ངོས་འཛིན་བྱས་ནས་ཞིབ་འཇུག་བྱས་པ་བརྒྱུད་སྲུང་སྐྱོང་དང་། ཉམས་བཟོ། བཅོས་སྐྱོང་བཅས་ཀྱི་ཞིབ་ཕྲའི་ཇུས་གཞི་དང་ལས་གྲྭའི་བྱེད་ཐབས་བཏོན་ཏེ་མཚོ་བོད་ས་མཐོ་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱེད་ཀྱི་ཡིན”ཞེས་བརྗོད།