འཚོལ་བཤེར།   
藏文频道
2020ལོའི་ཟླ་9ཚེས་2ཉིན།

༄༅༎སྡེ་ཚན་གཉིས་ཀྱིས་དབུལ་སྐྱོར་རྣམ་གྲངས་ལག་ལེན་ཡག་པོ་བསྟར་ནས་ཆུ་ལོག་དང་ས་གཤིས་གནོད་འཚེའི་
ཤུགས་རྐྱེན་ཁྱད་བསད་བྱེད་དགོས་པའི་བརྡ་ཐོ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 09ཚེས་02ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན། དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཡང་ཡང་ཐོན་ནས་ས་ཁུལ་དབུལ་པོ་ཁག་གཅིག་ལ་གནོད་འཚེ་ཚབས་ཆེན་བཟོས་ཏེ། མང་ཚོགས་དབུལ་པོ་ཁག་གཅིག་གི་ཁང་པར་གཏོར་སྐྱོན་ཕོག་པ་དང་འཐུང་ཆུའི་བདེ་འཇགས་སོགས་ཀྱི་གནད་དོན་ཐོན་པ་སོགས་ཐོལ་བྱུང་དོན་རྐྱེན་གྱིས་དབུལ་པོར་གྱུར་པ་དང་དབུལ་པོར་བསྐྱར་ལོག་བྱས་པས་དུས་བཀག་ལྟར་ཕྱོགས་ཡོངས་ནས་དབུལ་སྒྲོལ་ཐུབ་རྒྱུར་ཤུགས་རྐྱེན་བཟོས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་དང་ནོར་སྲིད་པུས་ཚེས་31ཉིན། རིམ་ཁག་དབུལ་སྐྱོར་དང་ནོར་སྲིད་སྡེ་ཚན་ལ་གནོད་འཚེས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་དཀའ་ངལ་དང་འགྲན་སློང་བཟོས་པར་ཚད་མཐོའི་མཐོང་ཆེན་དང་། གནོད་འཚེའི་རྐྱེན་གྱིས་དབུལ་པོར་གྱུར་པ་དང་དབུལ་པོར་བསྐྱར་ལོག་གི་གནད་དོན་འགོག་རྒྱུ་མངོན་གསལ་དོད་པོའི་གནས་བབ་ཐོག་འཇོག་པ། ནོར་སྲིད་དབུལ་སྐྱོར་གྱི་མ་དངུལ་དང་། རྣམ་གྲངས། རྒྱབ་སྐྱོར་ཡག་པོ་སྤྱོད་པ་བཅས་བྱས་ནས། གནོད་འཚེ་སོགས་ཐོལ་བྱུང་དོན་རྐྱེན་གྱིས་དུས་བཀག་ལྟར་ཕྱོགས་ཡོངས་ནས་དབུལ་སྒྲོལ་ཐུབ་རྒྱུར་ཤུགས་རྐྱེན་མི་ཡོང་བ་བྱེད་དགོས་པའི་བརྡ་ཐོ་བཏང་ཡོད།
     བརྡ་ཐོའི་ནང་། གནོད་འཚེ་ཚབས་ཆེན་ཕོག་ཁུལ་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས། གནད་སྨིན་ཇུས་འདོན་གྱི་བླང་བྱ་ལྟར་མ་དངུལ་གཏོང་སྤྲོད་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་དང་རྫོང་དབུལ་པོའི་སྤྱི་འདོམས་བསྡུ་སྒྲིལ་མ་དངུལ་སྤྱི་འདོམས་བཀོད་སྒྲིག་དང་བེད་སྤྱོད། གཏན་ལ་ཕབ་པའི་གཏོང་སྤྲོད་ཁྱབ་ཁོངས་ནང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རོགས་སྐྱོར་བཅས་བྱས་ནས། ཐོན་ལས་དབུལ་སྐྱོར་རྣམ་གྲངས་སླར་གསོ་དང་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་ཆུང་གྲས་སླར་གསོ་བྱ་རྒྱུའི་ཐད་གཙོ་གནད་ཐོག་སྤྱོད་དགོས་པ་དང་། གནོད་འཚེ་ཚབས་ཆེན་ཕོག་ཁུལ་གྱིས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་བཅག་ནས་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་དང་རྣམ་གྲངས་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ཡིག་ཆའི་བླང་བྱ་གཞིར་བཟུང་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་དང་རྣམ་གྲངས་དོ་དམ་ལེགས་སྒྲིག་བྱེད་དགོས་པ། དབུལ་པོར་བསྐྱར་ལོག་མི་ཐོན་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་ལག་བསྟར་ལ་ཤུགས་སྣོན་བརྒྱབ་ནས། གནོད་འཚེའི་རྐྱེན་གྱིས་དབུལ་པོར་གྱུར་པ་དང་དབུལ་པོར་བསྐྱར་ལོག་གི་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་རོགས་སྐྱོར་དང་རྒྱབ་སྐྱོར་སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་བྱེད་དགོས་པ་བཅས་ཁ་གསལ་བཏོན་ཡོད།