འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་26ཉིན།

༄༅༎ལང་ཚོའི་མེ་ཏོག་ཨ་ཧྥེ་རི་ཁའི་མྱ་ངམ་ཐང་དུ་བཞད།

—— ཐན་ཙན་ནི་ཡའི་ལྟེ་བའི་ལམ་ཐིག་ལྕགས་ལམ་ཉམས་གསོ་སྒྱུར་བཀོད་རྣམ་གྲངས་སྐྲུན་འགན་འཁུར་མཁན་ཀྲུང་གོའི་ཁེ་ལས་ཀྱི་གཞོན་ནུ་ཞིག་གི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་26ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཚ་གདུག་ཧ་ཅང་ཆེ་བས། རྨོག་མགོ་ནས་རྔུལ་ཆུ་ཕྲུམ་ཕྲུམ་དུ་བཞུར་ཏེ་ཀྲང་ཀུའེ་ཁའེ་ཡི་ཞྭའི་འོག་གི་མིག་ཀྱང་གདངས་མི་ཐུབ་པར་གྱུར། ལས་གོས་ངོས་ཀྱི་རྔུལ་ཆུའི་ཐིགས་པ་རེ་རེས་ཚ་ཁུལ་གྱི་མྱ་ངམ་ཐང་དུ་དཀའ་སྤྱད་འབད་བརྩོན་བྱས་པ་ཤེས་ཐུབ།
     ལོ་གཅིག་གི་གོང་། ལོ་23ལ་སླེབས་པའི་ཀྲང་ཀུའེ་ཁའེ་རྒྱལ་ནང་གི་གཙོ་གནད་མཐོ་སློབ་ཅིག་ནས་ཐོན་ཏེ་ཀྲུང་གོ་ཨར་ལས་བཟོ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་ཐན་ཙན་ནི་ཡའི་ལྟེ་བའི་ལམ་ཐིག་ལྕགས་ལམ་ཉམས་གསོ་སྒྱུར་བཀོད་རྣམ་གྲངས་ལ་ཞུགས་པ་རེད།
     ཐན་ཙན་ནི་ཡའི་ལྟེ་བའི་ལམ་ཐིག་ལྕགས་ལམ་ལ་ལོ་བརྒྱའི་ལོ་རྒྱུས་ལྡན་ལ། ལྕགས་ལམ་དེས་ཐན་ཙན་ནི་ཡའི་སྐམ་སའི་དབུས་ཁུལ་གྱི་ཞིང་ཆེན་ཁག་དང་དེ་བཞིན་མཐའ་འཁོར་གྱི་སྐམ་སའི་དབུས་ཁུལ་གྱི་རྒྱལ་ཁབ་ཁག་གི་གྲུ་ཁ་དང་སྦྲེལ་མཐུད་བྱེད་པའི་ནུས་པ་གལ་ཆེན་འདོན་གྱི་ཡོད། ཉམས་གསོ་སྒྱུར་བཀོད་རྣམ་གྲངས་ཀྱི་ལས་འགན་གཙོ་བོ་ནི་སྤྱི་ལེ་985ཟིན་པའི་དེ་སྔའི་ལྕགས་ལམ་གསར་སྒྱུར་དང་དེ་བཞིན་ལམ་རྒྱུད་ཀྱི་ཁང་པར་ཉམས་གསོ་བྱས་ནས། ལམ་ཐིག་དེའི་སྐྱེལ་འདྲེན་ནུས་པ་ཆེ་རུ་བཏང་སྟེ། ཐན་ཙན་ནི་ཡ་དང་མཐའ་འཁོར་རྒྱལ་ཁབ་ཁག་དབར་གྱི་སྐྱེལ་འདྲེན་དྲ་རྒྱ་ཤུགས་ཆེར་གཏོང་རྒྱུ་དེ་ཡིན་པ་རེད།
     ཀྲང་ཀུའེ་ཁའེ་ཡིས་གཙོ་བོར་ལྕགས་ལམ་ལམ་ཐིག་ཚད་ལེན་སོགས་ལག་རྩལ་ལས་ཀ་བྱེད་ཀྱི་ཡོད་པས། རྟག་པར་ཆ་རྐྱེན་ཞན་པའི་མྱ་ངམ་ཐང་དུ་ཉིན་གང་བོར་ཡར་འགྲོ་མར་འགྲོ་བྱེད་དགོས་ཀྱི་ཡོད། དེར་བརྟེན་ཀྲང་ཀུའེ་ཁའེ་ཚ་གདུག་ཆེ་བའི་གནམ་གཤིས་ངན་པར་གོམས་ཡོད། ཡིན་ན་ཡང་སྤྲིན་འཁྲིགས་པ་སོགས་སྔོན་བརྡ་ཅི་ཡང་མེད་པའི་ཆར་དུས་ཀྱི་དྲག་ཆར་དེ་ནི་བཟོད་དཀའ་བ་ཞིག་རེད། ཐེངས་ཤིག་ལ། ཁོང་གིས་ལམ་ཐིག་ཚད་ལེན་བྱེད་སྐབས་གློ་བུར་ཏུ་དྲག་ཆར་བབས་པས། སྒྲིག་ཆས་སྲུང་སྐྱོང་བྱ་ཆེད་ཆར་གོས་ཕུད་ནས་སྒྲིག་ཆས་ལ་གཡོགས་ཏེ་རང་ཉིད་ཀྱིས་ཆར་པའི་ཁྲོད་དུ་ཆུ་ཚོད་གཉིས་ལྷག་ལ་གོམ་པ་བརྒྱབ་ནས་བསྐྱོད་པ་རེད།
     ཟླ་3ཚེས་16ཉིན། ཐན་ཙན་ནི་ཡར་ཏོག་གསར་གློ་ཚད་ཕོག་པར་གཏན་འཁེལ་བྱུང་བའི་ནད་དཔེ་ཐོག་མ་ཐོན་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པ་དང་ཆབས་ཅིག་བརྒྱུད་རིམ་ལྡན་པའི་ངང་ཐོན་སྐྱེད་ཀྱང་བྱེད་ཐུབ་ཆེད། རྣམ་གྲངས་ཚོགས་ཆུང་གིས་རིམས་འགོག་བྱེད་ཐབས་ནན་པོ་བཟོས་པས། ཚ་གདུག་ཆེ་བའི་མྱ་ངམ་ཐང་དུ་ལས་ཀ་བྱེད་སྐབས་ཀྱང་ཀྲང་ཀུའེ་ཁའེ་དང་ཁོང་གི་ལས་རོགས་ཚོས་ཁ་རས་རྒྱག་དགོས་པ་དེ་རེད།
     རྣམ་གྲངས་དེའི་འགན་འཁུར་བ་ཝུའུ་ཙེ་ཀང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཆ་རྐྱེན་ཞན་ཡང་། ཀྲང་ཀུའེ་ཁའེ་དང་འདྲ་བར་དཀའ་བ་སྤྱད་ནས་བརྩོན་ཞིབ་བྱེད་མཁན་ན་གཞོན་ཇེ་མང་དུ་ཕྱིན་ནས། ལོ་28མན་གྱིས་ན་གཞོན་ལས་བཟོས་རྣམ་གྲངས་དེའི་ལས་མི་བསྡོམས་འབོར་གྱི་30%ཡས་མས་བཟུང་ཡོད་པ་རེད།