འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་14ཉིན།

༄༅༎རྒྱལ་སྤྱིའི་སྒྲིག་གཞིའི་དཔོན་རིགས་ཀྱིས་བརྗོད་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རོགས་ཟླའི་འབྲེལ་བ་ནི་ཨ་ཧྥེ་རི་ཁས་
ཏོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་བའི་འགན་ལེན་གལ་ཆེན་ཞིག་ཡིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་14ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨེ་ཏི་སི་ཨ་པ་པ་ནས་ཟླ་8ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། ཨ་ཧྥེ་རི་ཁ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་ཐོག་མཉམ་འབྲེལ་རིམས་འགོག་གི་བརྙན་ལམ་ཚོགས་འདུ་འཚོགས་ནས་རིམས་འགོག་གི་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད། ཚོགས་ཞུགས་དཔོན་རིགས་ཚོས་ཀྲུང་ཧྥེའི་དབར་མཐུན་སྒྲིལ་མཉམ་ལས་བྱས་པ་དེ་ནི་ཨ་ཧྥེ་རི་ཁས་ཏོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་བའི་འགན་ལེན་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་མཐའ་གཅིག་ཏུ་བྱས་ཡོད།
     ཨ་ཧྥེ་རི་ཁ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པ་དང་། ཀྲུང་གོའི་ཨ་ཧྥེ་རི་ཁ་ཞིབ་འཇུག་ཁང་། ཀྲུང་གོའི་རིམས་འགོག་ལྟེ་གནས། མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཨ་ཧྥེ་རི་ཁ་མནའ་འབྲེལ་སོགས་སྒྲིག་གཞིའི་དཔོན་རིགས་ཉིན་དེའི་ཚོགས་འདུར་ཞུགས་ཡོད་པ་རེད།
     ཨ་ཧྥེ་རི་ཁ་མནའ་འབྲེལ་དུ་བཅའ་སྡོད་ཀྲུང་གོའི་ཕོ་ཉ་ཚོགས་པའི་ཚོགས་གཙོ་ལིའུ་ཡུས་ཤིས་ཀྱིས་ཨ་ཧྥེ་རི་ཁར་རིམས་ནད་ཐོན་ཚུན་ཀྲུང་གོས་ཐོག་མར་རོགས་སྐྱོར་བྱས་ནས་ཨ་ཧྥེ་རི་ཁའི་མི་དམངས་དང་བློ་རྩ་བརྟན་པོས་མཉམ་དུ་ལངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་མནའ་འབྲེལ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིམས་འགོག་དངོས་ཟོག་མཁོ་འདོན་ཐེངས་མང་བྱས་པ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་11ལ་སྨན་བཅོས་རིགས་གཅིག་མཁས་ཅན་མངགས་པ། ཨ་ཧྥེ་རི་ཁ་ཕྱོགས་དང་རིགས་གཅིག་མཁས་ཅན་གྱི་བརྙན་ལམ་ཚོགས་འདུ་འཚོགས་ནས་སྨན་བཅོས་ལག་རྩལ་སྦ་གསང་མེད་པར་སྤེལ་རེས་བྱས་པ་རེད། ཁོང་གིས་ཀྲུང་ཧྥེའི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ངང་དམག་འཐབ་བྱེད་པ་དང་ཕྱར་བ་གྲུ་འདེགས་བྱས་ཚེ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་ཏོག་གསར་གློ་ཚད་རིམས་ནད་ཐོན་པའི“མུན་ནག་གི་དུས”ལས་ཐར་ཏེ་ཀྲུང་ཧྥེ་ཐུན་མོང་ཐོག་འཕེལ་རྒྱས་ཡར་ཐོན་གྱི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་བསུ་ཐུབ་ངེས་རེད་ཅེས་བརྗོད་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་སུང་ཀུའེ་ཡིས་ཨ་ཧྥེ་རི་ཁས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ཀྲུང་གོས་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་བྱས་ཤིང་། ཁོང་གིས་ཀྲུང་ཧྥེའི་རོགས་ཟླའི་འབྲེལ་བས་ཨ་ཧྥེ་རི་ཁས་ཏོག་གསར་གློ་ཚད་རིམས་ནད་ལ་དེ་བས་ལེགས་པའི་སྒོ་ནས་ཁ་གཏད་གཅོག་ཐུབ་ཡོད་ཅེས་བརྗོད་པ་རེད།
     ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཁའོ་ཏི་ཡིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ནང་ཀྲུང་ཧྥེའི་མཐུན་སྒྲིལ་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་སྲིད་གཞུང་དང་ཁེ་ལས་ཀྱི་རིམས་འགོག་རྒྱབ་སྐྱོར་ལས་ཨ་ཧྥེ་རི་ཁས་རིམས་ནད་འགོག་རྒོལ་བྱ་རྒྱུར་རོགས་རམ་ནུས་ལྡན་ཐུབ་ཡོད་ཅེས་བརྗོད་པ་དང་ཡང་ཁོང་གིས་ཀྲུང་གོས་ཨ་ཧྥེ་རི་ཁའི་ནད་ཡམས་ལྟེ་གནས་སྤྱི་ཁྱབ་པུའུ་རོགས་སྐྲུན་བྱས་པ་ལས་ཀྲུང་ཧྥེས་སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་སུ་རོགས་ཟླའི་འབྲེལ་བ་དང་མཛའ་གྲོགས་བརྟན་པོ་བཙུགས་པ་སླར་ཡང་ར་སྤྲོད་ཐུབ་ཡོད་ཅེས་བརྗོད་པ་རེད།