འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་14ཉིན།

༄༅།།ལེའོ་ཉིང་ཞིབ་དཔྱོད་ལས་ཁུངས་ཀྱིས་ལོ་གསུམ་ནང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གྱོད་
དོན་7000ལྷག་ཙམ་ཐོ་འགོད་སྒྲུབ་གཉེར་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་14ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཧྲེན་དབྱང་ནས་ཟླ་8ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ལེའོ་ཉིང་ཞིང་ཆེན་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་གསུམ་རིང་། ལེའོ་ཉིང་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་སྣོད་བཅུད་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁྱོན་7019ཐོ་འགོད་སྒྲུབ་གཉེར་བྱས་ཤིང་། དེ་དག་གིས་གྱོད་གཞི་ཞིབ་གཅོད་སྤྱི་འབོར་གྱི་58.1%བཟུང་ཡོད། གཏོར་སྐྱོན་བཏང་བའི་ནགས་ཚལ་མུའུ་ཁྲི་34ལྷག་ཙམ་སླར་གསོ་བྱེད་རྒྱུར་སྐུལ་འདེད་བཏང་བ་དང་སྦགས་བཙོག་བཏང་བའི་ཆུ་ཁོངས་ཆུ་འགོ་མུའུ་1900ལྷག་ཙམ་སླར་གསོ་བྱུང་ཡོད། ཁྲིམས་འགལ་ངང་སྤུངས་པའི་གད་སྙིགས་དང་ཉེན་ཡོད་གད་སྙིགས་ཏུན་ཁྲི་74ལྷག་ཙམ་གཙང་སེལ་བྱས་པ། སྦགས་བཙོག་བཟོ་མཁན་ཁེ་ལས་དང་མི་སྒེར་ལ་ཁོར་ཡུག་གནོད་འཚེའི་སྐྱིན་གསབ་སྒོར་ཁྲི་221ལྷག་ཙམ་དང་བཅོས་སྐྱོང་དང་སླར་གསོའི་འགྲོ་གྲོན་སྒོར་ཁྲི་685.6ལྷག་ཙམ་འཇལ་དུ་བཅུག་པ་རེད།
    ལེའོ་ཉིང་ཞིང་ཆེན་ཞིབ་དཔྱོད་ཁང་གིས“ཁོར་ཡུག་སྲུང་སྐྱོང”གི་སྤྱི་ཕན་གཏུག་བཤེར་ཆེད་དོན་ལྟ་སྐུལ་བྱེད་སྒོ་སྤེལ་ཞིང་། ཁང་ཕིང་རྫོང་ཞིབ་དཔྱོད་ཁང་གིས་ལོ་བཅུ་ལྷག་ཙམ་རིང་ནགས་ཚལ་དུས་ཐོག་ཏུ་སླར་གསོ་བྱས་མེད་པ་དང་ལྷོ་ནུབ་དང་། ཧོ་པེ། བྱང་ཤར་བཅས་གསུམ་གྱི་འགོག་སྲུང་ནགས་ཚལ་དང་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་ལ་གཏོར་སྐྱོན་བཏང་བའི་གྱོད་གཞི་སྒྲུབ་གཉེར་བྱས་ནས་ས་གནས་དེ་གའི་ཉམས་ཞན་གྱི་སྣོད་བཅུད་ཁོར་ཡུག་ལ་སླར་ཡང་གཏོར་སྐྱོན་མི་ཕོག་པའི་བཀག་འགོག་ནུས་ལྡན་བྱས་ཡོད། ཀྲོང་ཧོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཏ་ལན་ཆུའི་ཐོན་རྫས་ཚད་ཡོད་ཀུང་སི་ཞིག་གིས་རང་དགར་ཆུ་འདྲེན་མདོང་ལམ་བསྒར་ནས་གྲང་མཛོད་ཀྱི་བཙོག་ཆུ་རྒྱ་ཚོར་འདྲེན་པའི་སྤྱི་ཕན་གཏུག་བཤེར་གྱོད་གཞི་སྒྲུབ་གཉེར་བྱས་པ་དང་། ཧེ་ཏའོ་གྲོང་རྡལ་ཏ་ཡུས་གྲོང་ཚོའི་ལོ་མང་རིང་དོ་དམ་བྱེད་མཁན་མེད་པའི་སྤྱི་ལེ་10ལྷག་ཙམ་གྱི་བཙོག་ཆུ་རྒྱུག་ཁུལ་ལ་བཅོས་སྒྲིག་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་བ་རེད།
    ལེའོ་ཉིང་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་རླུང་ཁམས་ཆེན་པོ་དང་ས་རྒྱུའི་ཁོར་ཡུག་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་ཞིང་། ལིང་ཧའེ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་རྡོ་ལས་སྣོན་ཁེ་ལས་200ལྷག་ཙམ་གྱིས་ཁོར་ཡུག་གི་ཤུགས་རྐྱེན་ལ་གདེང་འཇོག་བྱས་མེད་པ་དང་འགོག་སྲུང་བྱ་ཐབས་གང་ཡང་མེད་པར་ཁོར་ཡུག་ལ་སྦགས་བཙོག་བཟོས་པའི་གྱོད་གཞི་སྒྲུབ་གཉེར་བྱེད་རིང་། སྲིད་འཛིན་ལས་ཁུངས་ལ“ཆད་གཅོད་ཀྱིས་དོ་དམ་གྱི་ཚབ་བྱེད་པའི”དེ་སྔའི་དོ་དམ་བྱ་ཐབས་ལ་འགྱུར་ལྡོག་གཏོང་རྒྱུའི་གྲོས་འགོ་བཏོན་པ་དང་། གྱོད་གཞི་དང་འབྲེལ་བའི་ཁེ་ལས་ལ་སྔོན་ལ་ལས་མཚམས་འཇོག་པ་དང་རྗེས་སུ་དག་ཐེར་བྱས་ནས་སླར་ཡང་ལས་ཀ་བྱེད་པའི་ཐག་གཅོད་ཇུས་གཞི་བཏོན་ཏེ“དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གཉིས་ཀར་ཕན་པའི”གྱོད་སྒྲུབ་ཕན་འབྲས་མངོན་འགྱུར་བྱུང་ཡོད། ཧྥུའུ་ཤིན་སོག་རིགས་རང་སྐྱོང་རྫོང་ཞིབ་དཔྱོད་ཁང་གིས་ཉེན་ཡོད་གད་སྙིགས་ཀྱིས་ཁོར་ཡུག་ལ་གནོད་འཚེ་བཟོ་བའི་སྤྱི་ཕན་གཏུག་བཤེར་གྱོད་གཞི་སྒྲུབ་གཉེར་བྱེད་རིང་། དག་ཐེར་བྱེད་ཚུལ་ལ་མུ་མཐུད་བལྟས་པ་མ་ཟད། སྲིད་འཛིན་ལས་ཁུངས་ལ་ཉེན་ཡོད་གད་སྙིགས་ཏུན་200ལྷག་ཙམ་ཐག་གཅོད་བྱེད་རོགས་བྱས་ཏེ་ཁོར་ཡུག་གི་གནོད་འཚེ་སྔར་བས་ཁྱབ་ཆེ་རུ་མི་འགྲོ་བ་བྱས་པ་རེད།