འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་9ཉིན།

༄༅།།རང་རྒྱལ་གྱིས་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་09ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། འགྲིམ་འགྲུལ་སྐྱེལ་འདྲེན་ནི་རྨང་གཞིའི་སྒྲིག་བཀོད་གསར་པ་དང་སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་མཉམ་འདྲེས་འཕེལ་རྒྱས་ཡོང་བའི་ཁྱབ་ཁོངས་གལ་ཆེན་ཞིག་རེད། ཉིན་ཤས་གོང་འགྲིམ་འགྲུལ་སྐྱེལ་འདྲེན་པུས《འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་དུ《མཛུབ་ཁྲིད་བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད། བསམ་འཆར་ནང་བཏོན་དོན། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་བསྐྲུན་རྒྱུའི་སྤྱི་ཡོངས་ཀྱི་དམིགས་ཚད་ལ་དམིགས་ནས་ལག་རྩལ་གསར་གཏོད་བྱེད་རྒྱུ་དེ་སྐུལ་འདེད་གཏོང་སར་བྱེད་པ་དང་། གྲངས་གཞི་ཅན་དང་། དྲ་མིག་ཅན། རིག་ནུས་ཅན་བཅས་གཙོ་རྐང་དུ་བྱེད་པ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ནུས་པ་རྒྱ་ཆེར་གཏོང་བ། སྒུལ་ནུས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་རྒྱུ་སྟོན་ཕྱོགས་སུ་བྱེད་པ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་གྲངས་གཞི་ཕྱོགས་སྒྱུར་དང་རིག་ནུས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྟབས་བདེ་ཤར་གཏོང་དང་། གྲོན་ཆུང་ཕན་ཆེ། ལྗང་མདོག་མཉམ་བསྡུས། རིག་ནུས་སྔོན་ཐོན། བདེ་འཇགས་ཆེ་བ་བཅས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་པ་བསྐྲུན་རྒྱུ་རེད།
   《མཛུབ་ཁྲིད་བསམ་འཆར》ནང་ཁ་གསལ་བཏོན་དོན། 2035ལོར་སླེབས་སྐབས་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་པའི་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་བྱེད་རྒྱུ་དང་། སྔོན་ཐོན་གྱི་ཆ་འཕྲིན་ལག་རྩལ་གྱིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་ནུས་པ་ཆེན་པོ་སྣོན་རྒྱུ་ཡིན་པས་གནད་སྨིན་ཤེས་ཚོར་དང་། གནད་སྨིན་དབྱེ་ཞིབ། དོ་དམ་ཞིབ་ཚགས། སྤུས་ལེགས་ཞབས་ཞུ་བཅས་ཀྱི་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གཉེར་སྐྱོང་བྱེད་རིང་གི་ཟད་གྲོན་ཆུ་ཚད་ཚོད་འཛིན་ནུས་ལྡན་ཐུབ་པ་བྱེད་རྒྱུ་རེད། ཤེས་ཚོར་སྒྲིག་ཆས་དང་། སྔོན་ཐོན་གྱི་བརྒྱུད་བསྐུར་དྲ་རྒྱ། བྱང་སྐར་སྤུན་བདུན་ཕྱོགས་སྟོན་གྱི་ཡུལ་དུས་ཆ་འཕྲིན་ཞབས་ཞུ་བཅས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས། ལས་རིགས་ཀྱི་གྲངས་གཞིའི་ལྟེ་གནས་དང་དྲ་རྒྱའི་བདེ་འཇགས་མ་ལག་གཞི་རྩའི་ཆ་ནས་བསྐྲུན་རྒྱུ་དང་། རིག་ནུས་མེ་འཁོར་དང་། རང་སྒུལ་རླངས་འཁོར། རིག་ནུས་གྲུ་གཟིངས་སོགས་ལ་རིམ་གྱིས་སྤྱོད་རྒྱུ་རེད།
   《མཛུབ་ཁྲིད་བསམ་འཆར》ནང་ཕྱོགས་གསུམ་ཐད་ནས་ལས་འགན་གཙོ་བོ་14བཏོན་པ་སྟེ། གཅིག་ནི་རིག་ལྡན་གཞུང་ལམ་དང་། རིག་ནུས་ལྕགས་ལམ། རིག་ལྡན་མཁའ་ལམ། རིག་ལྡན་གྲུ་ཁ། རིག་ལྡན་དམངས་སྤྱོད་མཁའ་འགྲུལ། རིག་ལྡན་སྦྲག་སྲིད། རིག་ལྡན་ལྟེ་གནས་བཅས་དང་དེ་བཞིན་རྒྱུ་ཆ་གསར་པ་དང་ནུས་རྒྱུ་གསར་པ་སྤྱོད་རྒྱུ་གཞི་རྟེན་དུ་བྱས་ཏེ་མཉམ་འདྲེས་ནུས་ཆེའི་རིག་ལྡན་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་གཏོད་རྒྱུ་ཡིན་པ་དང་། གཉིས་ནི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རམ་འདེགས་བྱེད་རྒྱུ་ཡིན་ཞིང་། དེའི་ནང་5Gདྲ་བ་དང་། བྱང་སྐར་སྤུན་བདུན་གྱི་ཕྱོགས་སྟོན་མ་ལག་དང་རྒྱང་ཚོར་སྲུང་སྐར། དྲ་རྒྱའི་བདེ་འཇགས། གྲངས་གཞིའི་ལྟེ་གནས། མི་ཐབས་རིག་ནུས(དཔེར་ན་རང་འགུལ་ངང་རླངས་འཁོར་གཏོང་བ)སོགས་ཚུད་ཡོད། གསུམ་ནི་ལས་རིགས་གསར་གཏོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། དེ་ནི་ཚན་རྩལ་ཞིབ་འཇུག་གསར་སྤེལ་ལ་བརྟེན་ནས་འདེགས་སྐྱོར་ནུས་པ་གཙོ་གནད་དུ་བསྐྲུན་རྒྱུ་དེ་ཡིན། དཔེར་ན་ཚོད་ལྟ་ཁང་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཡུན་རིང་རང་བཞིན་གྱི་ནུས་པའི་ལྟ་ཞིབ་ཚད་ལེན་དྲ་བ་སོགས་རེད།